3122

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁ་ཟས་ཀྱི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཁ་ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་རྣམས་སྦྱངས་རྟོགས་སྦར་གསུམ་གྱིས་བྱིན་གྱིས་བརླབས་ནས་བདུད་རྩིར་བསྐྱེད་པ་ནི་ཁ་ཟས་ཀྱི་རྣལ་འབྱོར་ཡིན་ལ། དེ་ཡང་རང་ཉིད་ལྷར་གསལ་བའི་མགྲིན་པ་ཟངས་དུང་དམར་པོ་ཁ་གྱེན་དུ་ཕྱོགས་པའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རང་གི་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མ་བུ་ག་ཅན་དུ་བསྒོམས་པའི་རྩེ་མོར་ཨོཾ་ཡིག་དཀར་པོ་འོད་ཟེར་ཟས་ལ་འཕྲོ་བར་བསམ་པ་ནི་ལྐོག་མ་སྦྱོང་བ་དང་། རང་གི་སྙིང་གར་སྣ་ཚོགས་པདྨ་དང་ཉི་མའི་གདན་གྱི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་མེ་ལྕེ་གསུམ་པ་འབར་བ་ལྷ་དང་བླ་མའི་ངོ་བོར་མོས་པ་ནི་སྙིང་ག་སྦྱོང་བ་ཡིན་ནོ། །བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ་རང་གི་ལག་པ་གཡས་དགའ་བླུགས་སུ་མོས་ནས་བཟའ་བཏུང་རྣམས་ལྕེ་རྡོ་རྗེ་སྔོན་པོ་རྩེ་ལྔ་བར་གསལ་བའི་རྡོ་རྗེ་བུ་གའི་རྩེ་མོར་གནས་པའི་ཨོཾ་ཡིག་གི་འོད་ཟེར་གྱིས་དྲངས་ཏེ་གསང་གནས་ཀྱི་རླུང་གཡོས་ལྟེ་བའི་མེ་སྦར་ཏེ། སྙིང་གའི་ས་བསྲེགས་མགྲིན་པའི་ཆུ་བསྐོལ་བས་བཟའ་བཏུང་རྣམས་འཁོལ། སྙིང་གར་སླེབས་པས་དྭངས་མ་ལྷ་དང་བླ་མའི་ངོ་བོ་ལ་འབུལ་ཞིང་། དེ་ལྟེ་བར་སླེབས་པ་ན་གཏུམ་མོའི་མེས་བསྲེགས་ཏེ་རྩིགས་མ་ཐལ་བར་གྱུར་ནས་འོག་སྒོ་ནས་འཐོན་པར་བསམ་མོ། །བཟའ་བཏུང་རྣམས་ཅུང་ཟད་ཞུ་བའི་མཚམས་ནས་རླུང་ཁ་སྦྱོར་བུམ་པ་ཅན་ཅུང་ཟད་རེ་སྒོམ་པར་བྱེད་པ་ཡིན་ནོ། ། དེ་ལྟར་བཟའ་བཏུང་གི་རྣལ་འབྱོར་འདི་རྒྱུན་ལྡན་དུ་བྱས་ན་སྐྲན་དང། དམུ་ཆུ་དང་། དུག་དང་དཀོར་ལ་སོགས་པའི་ལོག་འཚོས་མི་བརྫི་བ་དང་། ལྷ་དང་བླ་མ་ལ་མཆོད་པའི་ཕན་ཡོན་འབྱུང་བར་རྡོ་རྗེ་གདན་བཞིའི་རྒྱུད་ལས་གསུངས་སོ། །དེ་ལྟར་ལྷའི་རྣལ་འབྱོར་དང་མི་ལྡན་པར་བཟའ་བཏུང་ལ་སྲེད་པས་ལོངས་སྤྱད་ན། ཟས་ཁམ་རེ་དང་བཏུང་བ་ཧུབ་རེ་ལ་བྱང་སེམས་ཀྱི་བསླབ་བྱ་དང་འགལ་བའི་ཉེས་བྱས་ཉོན་མོངས་ཅན་རེ་དང་། སྔགས་ཀྱི་རྩ་ལྟུང་བཅུ་གསུམ་པའི་ཆར་གཏོགས་ཀྱི་སྤོམ་པོ་རེ་འབྱུང་བར་གསུངས་པས། བཟའ་བཏུང་གི་རྣལ་འབྱོར་ལ་འབད་པར་བྱའོ། །འདི་དག་ནི་མི་བསྐྱོད་པའི་རིགས་ཀྱི་བསྐྱེད་རིམ་པའི་སྒྲུབ་པ་པོས་རང་གི་ལྕེ་ཨོཾ་ལས་འཁོར་ལོར་བསྐྱེད་པ་དང་། རིན་འབྱུང་གི་རིགས་ཀྱི་སྒྲུབ་པ་པོས་རང་གི་ལྕེ་སྭ་ལས་རིན་པོ་ཆེར་བསྐྱེད། འོད་དཔག་མེད་ཀྱི་རིགས་ཀྱི་སྒྲུབ་པ་པོས་རང་གི་ལྕེ་ཨཱཾཿ་ལས་པདྨར་བསྐྱེད། དོན་གྲུབ་ཀྱི་རིགས་ཀྱི་སྒྲུབ་པ་པོས་རང་གི་ལྕེ་ཧ་ལས་རལ་གྲིར་བསྐྱེད་ནས་བཟའ་བཏུང་ལ་ལོངས་སྤྱོད་པར་བྱ་བ་ཡིན་ནོ། །
Domain ཆོས་ལུགས།