31420

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲང་དོན་གྱི་མདོ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བཀྲས་ལྷུན་དཀྱིལ་ཁང་ཡིག་ཆར། དྲང་དོན་གྱི་མདོ་དང་ངེས་དོན་གྱི་མདོ་གང་རུང་གང་ཞིག རང་གི་དངོས་བསྟན་དུ་གྱུར་པའི་དོན་དམ་བདེན་པ་མ་ཡིན་པ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་རབ་ཏུ་ཕྱེ་བའི་མདོར་དམིགས་པ། རང་ཉིད་དྲང་དོན་གྱི་མདོ་ཡིན་པའི་མཚན་ཉིད། དེ་ལྟར་ཡང་འཇུག་པ་ལས། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང༌། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། དབྱེ་ན། དངོས་བསྟན་སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བར་དངོས་ཟིན་གྱི་དོན་དེ་ལས་གཞན་དུ་དྲང་དགོས་པའི་མདོ་དང༌། སྒྲ་ཇི་བཞིན་པར་ཁས་བླང་དུ་རུང་ཡང་དངོས་ཟིན་གྱི་དོན་དེ་ལས་གནས་ལུགས་ཀྱི་དོན་གཞན་དུ་དྲང་དགོས་པའི་མདོ་གཉིས། དང་པོ་ནི། ཕ་མ་བསད་པ་ལས་གྲོལ་བ་ཐོབ་པར་སྟོན་པའི་མདོ་ལྟ་བུ་དང༌། གཉིས་པ་ནི། འདུས་བྱས་མི་རྟག་པར་སྟོན་པའི་མདོ་ལྟ་བུ། ཕྱི་མ་འདིའི་དངོས་ཟིན་གྱི་དོན་ལས་གནས་ལུགས་ཀྱི་དོན་གཞན་དུ་འདྲེན་ཚུལ་ནི། འདུས་བྱས་མི་རྟག་པར་བསྟན་པ་ན་འདུས་བྱས་མི་རྟག་པ་དེ་འདུས་བྱས་ཀྱི་གནས་ལུགས་ཡིན་ནམ་མིན་ཞེ་ན། མ་ཡིན་ཏེ། ཐ་སྙད་པ་ཙམ་ཡིན་པའི་ཕྱིར། འོ་ན་དེའི་གནས་ལུགས་ཇི་ལྟ་བུ་ཞེ་ན། དེ་བདེན་པས་སྟོང་པའི་སྟོང་ཉིད་དེའི་གནས་ལུགས་ཡིན་ནོ་ཞེས་འདྲེན་པར་བྱེད་པ་ཡིན་ནོ། །གཉིས་པ་ལ། དགོངས་པ་ཅན་གྱི་མདོ་བཤད་པ་དང༌། ལྡེམ་པོར་དགོངས་པའི་མདོ་བཤད་པ་གཉིས།
Domain ཆོས་ལུགས།
དྲང་དོན་གྱི་མདོ་ (2)
Part of speech མིང་ཚིག
Definition བཀྲས་ལྷུན་ཐོས་གླིང་ཡིག་ཆར། བཅོམ་ལྡན་འདས་ཀྱི་མདོ་གང་ཞིག ཀུན་རྫོབ་བདེན་པ་དངོས་ཀྱི་བསྟན་བྱའི་གཙོ་བོར་བྱེད་པས་རབ་ཏུ་ཕྱེ་ཞིང༌། སྙིང་པོ་དང་བཅས་པའི་སྦུན་སྐོགས་ཀྱི་དཔེས་བསྟན་པ། དྲང་དོན་གྱི་མདོའི་མཚན་ཉིད།
དྲང་དོན་གྱི་མདོ་ (3)
Part of speech མིང་ཚིག
Definition བཀྲས་ལྷུན་ཤར་རྩེའི་ཡིག་ཆར། རང་གི་བརྗོད་བྱར་གྱུར་པའི་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ། མཚན་གཞི་ནི། གང་ཟག་གི་བདག་ཡོད་པར་སྟོན་པའི་མདོ། ལྟ་བུ།
དྲང་དོན་གྱི་མདོ་ (4)
Part of speech མིང་ཚིག
Definition བརྗོད་བྱ་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱེད་པའི་སྒྲ་ཇི་བཞིན་པ་མ་ཡིན་པའི་སངས་རྒྱས་ཀྱི་གསུང་རབ་ཞིག་ལ་དྲང་དོན་གྱི་མདོ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་དང། སྒྲ་ཇི་བཞིན་དུ་ཁས་བླང་དུ་མི་རུང་བ་གང་ཡང་རུང་བའི་མདོ། དེ་ལ་དབྱེ་ན། དགོངས་པ་ཅན་གྱི་མདོ་དང། ལྡེམ་དགོངས་ཀྱི་མདོ་གཉིས།