31782

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲིན་ཆེན་ཤེས་རབ་བཟང་པོ་ (1)
Part of speech མིང་ཚིག
Definition རིགས་གསུམ་རྣམ་འཕྲུལ་ལས། སྤྱན་གཟིགས་སྤྲུལ་པ་ཤེས་རབ་བཟང་པོ་མཆོག་ནི། ནམ་མཁའ་དཔལ་བཟང་གི་གཅུང་པོར་རབ་བྱུང་བདུན་པའི་ལྕགས་འབྲུག་(༡༤༠༠)ལོར་སྐུ་བལྟམས། ཡབ་དང༌། གདན་ས་ཐེལ་གྱི་སྤྱན་སྔ་བསོད་ནམས་རྒྱལ་མཚན། ཡར་འབྲོག་གྲུབ་ཆེན་བློ་གྲོས་མཆོག་ལྡན། གངས་ཆེན་ཆོས་རྗེ་ཀུན་དགའ་དཔལ་བ། མངའ་རིས་ནམ་མཁའི་མཚན་ཅན་སོགས་བླ་མ་དམ་པ་མང་དུ་བསྟེན་ནས་སྨིན་གྲོལ་དཔག་མེད་གསན་ཅིང་དེ་དག་ཉམས་བཞེས་ཀྱང་མཛད། སྒྲའི་བསྟན་བཅོས་དང་སྙན་དངགས་སོགས་ཤེས་བྱའི་གནས་མཐའ་དག་ལ་གཟིགས་པ་རྒྱ་ཆེ། དེ་ཡང་དགུང་ལོ་བཅུ་བཞི་བཞེས་པའི་ཚེ། འཇམ་པའི་དབྱངས་ཡེ་ཤེས་རིན་ཆེན་གཤེགས་ཤིང༌། ཉི་ཤུ་རྩ་དྲུག་པ་ལ་རིན་པོ་ཆེ་ནམ་མཁའ་དཔལ་བཟང་གཤེགས་ཏེ། རྗེ་དེ་གཉིས་ཀྱི་དགོངས་རྫོགས་རྒྱ་ཆེར་བསྒྲུབས། དེ་ནས་བཟུང་གདན་སའི་ཁྲིར་ཕེབས་ཏེ། འབྲུག་དང་ར་ལུང་སོགས་གདན་ས་མ་ལག གནས་ཆེན་ཙ་རི་དང་མཁར་ཆུ་ལ་སོགས་གནས་ཆེན་མ་ལག མདོར་ན་སྟོད་དབུས་གཙང༌། བར་ལྷོ་མོན། སྨད་མདོ་ཁམས་སོགས་འབྲུག་པའི་བསྟན་པས་གར་ཁྱབ་ཀྱི་བུ་སློབ་རྣམས་ཀྱི་རེ་བ་ཡོངས་སུ་གང་བར་མཛད་ཅིང་བསྡུ་བ་བཞིའི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེར་མཛད། སོ་བདུན་པ་འབྲུག་གི་ལོ་ལ་དབེན་གནས་སྟག་རིར་ཕེབས། ལྷོ་བོད་ཀྱི་དབུ་ཆེ་བུ་སློབ་སྐྱེ་བོའི་ཚོགས་དང་བཅས་པ་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད། དེར་ཉིད་ཀྱི་སྲས་རྒྱལ་དབང་རྗེ་དགུང་ལོ་བརྒྱད་བཞེས་པ་ལ་དབང་རྗེས་གནང༌། འབྲུག་ལུགས་ཀྱི་ཁྲིད་གདམས་པ་རྣམས་ཞར་ལ་གནང༌། དེ་ནས་རྟག་འཛིན་ཅན་རྣམས་སྐྱོ་བ་སྐྱེ་ཕྱིར། དགུང་གྲངས་སོ་བརྒྱད་པ་ས་རྟ་(༡༤༣༨)ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་སོ། །སྐུ་གདུང་ལ་རིང་བསྲེལ་ཁ་དོག་དཀར་པོ། སེར་པོ། སྔོན་པོ་དང་བཅས་བྱོན་ཏོ། །