31819

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲིལ་བུ་ (1)
Part of speech མིང་ཚིག
Definition སྔགས། དྲིལ་བུའི་ཁོག་པ་སྟོང་བ་ནི། ཆོས་ཐམས་ཅད་ཀྱི་སྟོང་ཉིད་མཚོན་པ་དང༌། བྱེད་པ་དང༌། དབུས་ཀྱི་ཟུར་བརྒྱད་པའི་དབྱུག་པ་ནི་ལྷན་སྐྱེས་ཀྱི་ཡེ་ཤེས་མཚོན་པ་དང༌། དྲིལ་བུའི་སྟོང་བ་གང་གི་དབུས་ཡིན་པ་དེ་ནི་དྲིལ་བུའི་གཟུགས་ཏེ་འདོད་ཁམས་དང༌། དེའི་སྟེང་ཁ་འོག་ཏུ་ཕྱོགས་པའི་པད་མ་རྒྱས་པ་ལས་བྱུང་བའི་ངོ་བོ་གཟུགས་ཁམས་དང༌། པད་མས་བསྐོར་བའི་སྟེང་དུ་གཟུགས་མེད་སྲིད་པའི་ཕྱོགས་གཟུགས་མེད་པའི་ཁམས་གསུམ་པོ་ཐམས་ཅད་རང་བཞིན་གྱིས་མེད་པར་སྟོན་པ་དང༌། དེ་ཕྱིར་གསུང་གི་བདག་རྐྱེན་གཙོ་བོ་ཤེས་ཆེད་བུམ་སྟེང་ཤེར་ཕྱིན་མ་དང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། རྡོ་རྗེ་སྙེམས་མ་སོགས་བཅོམ་ལྡན་འདས་མ་དག་གི་ཞལ་བྱས་པ་དང༌། རྡོ་རྗེ་སྒོ་ང་ནི་བདེ་ཆེན་ཡེ་ཤེས་མཚོན་པ་དང༌། རྡོ་རྗེ་རྭ་ལྔ་ནི་བདེ་ཆེན་ཡེ་ཤེས་མཐར་ཐུག་པའི་ཆ་གཟུང་རྣམ་རྡོ་རྗེ་སེམས་དཔའ་རིགས་ལྔའི་རྣམ་པར་ཤར་བ་རྣམས་མཚོན་བྱེད་དུ་ཤེས་དགོས་སོ། །
Domain ཆོས་ལུགས།

{{#arraymap:དྲིལ་བུ་

|; |@@@ | | }}

དྲིལ་བུ་ (2)
Part of speech མིང་ཚིག
Definition སྤྱིར་དྲིལ་བུ་ལ་དབྱེ་ན། ཡེ་ཤེས་ཀྱི་དྲིལ་བུ། དམ་ཚིག་གི་དྲིལ་བུ། ཚེ་རིང་པ་དང་ནད་མེད་པར་བྱེད་པའི་དྲིལ་བུ། དཔའ་བོའི་དྲིལ་བུ། དེ་བཞིན་གཤེགས་པའི་དྲིལ་བུ་སྟེ་ལྔའོ། །རྒྱུ་ནི། རྡོ་རྗེ་མཁའ་འགྲོར། དྲིལ་བུ་ཐམས་ཅད་ཀྱི་ཁོག་པའི་རྒྱུ་ནི་མཁར་བ་ཁོ་ན་ལ་བྱ་བ་ཚང་མགོའི་རྒྱུ་ནི་ལྕགས་གསུམ་སྟེ་གསེར་དངུལ་ཟངས་སྐྱེས། རབ་འབྲིང་གི་ཚད་བསྟན་པ་ནི། སོར་བརྒྱད་ནས་ཉི་ཤུ་རྩ་གཉིས་ཀྱི་བར་གང་ཡང་རུང་བ་རྡོ་རྗེའི་ཚད་རྗེས་སུ་བསྟན་པ་བཞིན། ལེགས་བསྡུར་ལས། དེ་ལྟར་སོར་བརྒྱད་ལ་སོགས་པའི། །དྲིལ་བུ་རྡོ་རྗེའི་རྗེས་མཐུན་སྦྱར། །ཞེས་སོ། །ཆ་སོ་སོའི་ཚད་ནི། མཁའ་འགྲོར། དྲིལ་བུ་ཆ་གསུམ་ལྡན་པའོ། །ཞེས་དྲིལ་བུའི་ཁ་དང། ཁ་ནས་སྟེང་དུ་བཅལ་བ་དང། དབུས་དང་སུམ་ཆ་མཉམ་པོར་བྱ་ཞེས་པའི་དོན་ཡིན་ལ། བཟང་པོ་ཡོངས་བཟུང་དུ། དྲིལ་བུ་ངོས་ཀྱི་ཆ་དྲུག་ལ། །དེ་ཡི་ཆ་བཞི་འཁར་བ་ཡིན། །ཞེས་དྲིལ་བུ་ལ་སྲིད་དུ་ཆ་དྲུག་བྱས་པའི་སུམ་གཉིས་ཁོག་པ་དང། སུམ་ཆ་དབུ་རྩེ་ལ་བྱ་བ་དེ། རྒྱུད་ནས་གསུངས་པ་དང་གཉིས་གང་འཐད་བྱས་པས་ཆོག་པར་མངོན་ནོ། །དབྱིབས་སམ་མཚན་ཉིད་ནི། པདྨ་རྒྱས་པ་ཞེས་པའི་དོན། ཁོག་པའི་མགོ་ཞབས་འཚམས་པ་ལ། བ་གླང་མཆུ་ཞེས་བྱ་བ། མཆུ་འཐུག་པ་ཕྱིར་བསྐྱེད་པ་ལས་སླར་ཡང་ནང་དུ་ཅུང་རུབ་པདྨ་ཁ་བྱེ་བ་ལྟ་བུའོ། །དབུ་ཞབས་གཉིས་ལ། མུ་ཏིག་ཕྲེང་བ་གཉིས་སྒྲིག་རེའི་བར། འོག་ཏུ་འཕྲེད་དང་། སྟེང་མ་ལ་དཀྱུས་སུ་བསྒྲིགས་པའི་རྡོ་རྗེའི་ཕྲེང་བ་བྱ་ཞིང། དེ་གཉིས་ཀྱི་བར་རྡོ་རྗེའི་ཕྲེང་བ་གོང་མ་ལས་འཕྱངས་པའི་ཚུལ་གྱིས་དྲ་བ་དང་དྲ་བ་ཕྱེད་པ་བྱ། ཁོག་པ་དེའི་སྟེང་གི་དབུ་རྟེན་གྱི་མཐར། ཨུཏྤལ་ལའམ་ཀུ་མུ་ཏའི་དབྱིབས་ཁ་བཅུ་དྲུག་ཏུ་གྱེས་པའི་ཕྱི་རོལ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ལྷ་མོ་བརྒྱད་ཀྱི་ས་བོན་བཀོད། གསེར་ཟངས་སོགས་ཀྱི་རྒྱུ་ལས་གྲུབ་པའི་ཕྲེང་བ་གསུམ་ཕྱིར་བསྐྱེད་པ། པདྨ་ཁ་ཕྱེ་བ་ལྟ་བུའི་སྟེང་དུ་བདུད་རྩི་བུམ་པའི་ལྟེ་བར་གནས་ཤིང་། དེའི་སྟེང་དུ་ལྷ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཞལ། ཤར་གྱི་ཏྃ་ཡིག་ལ་གཟིགས་པའི་སྟེང་། པདྨ་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་དགུ་སོགས་རང་རང་གི་དབུ་རྩེས་མཚན་པའོ། །ཁོག་པ་དེའི་དབུས་སུ་ཇི་ལྟར་འཚམས་པའི་ལྕེ་ལྕགས་སམ་ཁྲོ་ལས་གྲུབ་པ་སྒྲ་འབྱིན་པའི་ཕྱིར། ནང་གི་རྡོ་རྗེ་མཁའ་འགྲོ་མ་གདགས་པར་བྱ་སྟེ། མཁའ་འགྲོར། དབུས་སུ་ཞེས་སོགས་ཏེ། དེ་དག་གི་དོན་ཡང་ལྕེ་དེས་དྲིལ་བུའི་ཁོག་པ་ལ་བསྐུལ་བའི་སྟོབས་ཀྱིས་ལྷ་ཐམས་ཅད་དབང་དུ་སྡུད་ཅིང་སྒྲ་སྣ་ཚོགས་འབྱིན་པར་བྱེད་ཅེས་པའོ། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་སྔགས་གཅེས་ནོར་ལས་སོ། །རྡོ་རྗེ་མཁའ་འགྲོར། དེ་ལ་ཆ་གསུམ་དང་ལྡན། ཞེས་པ་ནི། རྭ་རྩེ་ནས་ཟླ་བ། དེ་ནས་བུམ་པའི་འོག་གི་རི་མོ། དེ་ནས་ཁོང་པ་སྟོང་པ་དང་གསུམ་མམ། ཁོང་སྟོང་གི་ཁའི་མཐའ་ནས་མཐའ་དང་། དེའི་དཔང་དང་དེའི་སྟེང་གི་ལྟེ་བ་ལས་རྭ་རྩེའི་བར་གསུམ་མཉམ་པར་གནས་པའོ། །དེ་ལ་སྟེང་གི་རྭ་ནི་གསེར་སོགས་ལས་གྲུབ་ཅིང་། རྡོ་རྗེའི་ཚད་དང་མཐུན་པ་ཅན། ཕྱོགས་རྣམས་ཀྱི་རྩ་བ་ཆུ་སྲིན་གྱི་ཁ་ནས་འབྱུང་ཞིང་། སྐ་རགས་དང་བཅས་པའི་ཟླ་བ་ལ་གནས་པའོ། །ཨིནྡྲ་བྷུ་ཏིས། ཉི་ཟླ་གཉིས་ཀར་ཡང་བཤད་དོ། །དེའི་འོག་ཏུ་སྐ་རགས་ལ་གནས་པའི་པདྨ་འདབ་བརྒྱད་སྟེ། དེ་དག་གི་རྣམ་དག་ཀྱང་རང་རང་གི་རྡོ་རྗེའི་སྟེང་ཕྱོགས་དང་མཐུན་ནོ། །དེའི་འོག་ཏུ་ཤེས་རབ་ཀྱི་ཞལ་མཛེས་ཤིང་རྫོགས་པའོ། །དེའི་འོག་ཏུ་དངོས་གྲུབ་ཐམས་ཅད་འབྱུང་བའི་བདུད་རྩིའི་བུམ་པ་ཚད་དེ་དང་མཉམ་པ་སྟེ་བུག་པ་ནི་ནོར་པའོ། །དེའི་འོག་ཏུ་རི་མོ་གསུམ་དང་གདན་གྲུ་བཞི་པའམ་ཟླུམ་པོའོ། །དེའི་འོག་ཏུ་ཡང་ཕྲེང་བ་གསུམ་དང་དྲིལ་བུའི་ལྟེ་བ་གླང་ཁའི་གཉིས་འགྱུར་གྱི་ཚད་དང་ལྡན་པའོ། །དེའི་རྩ་བར་ཨུཏྤལ་དང་བཅས་པའི་པདྨ་འདབ་བརྒྱད་དོ། །འདབ་རྒྱས་འདི་ལ་ཕྱག་མཚན་འགོད་པ་དང་། ལྷ་མོ་བརྒྱད་ཀྱི་མིང་ཡིག་དང་པོ་ལ་ཟླ་ཚེས་དང་ཐིག་ལེས་བརྒྱན་པ་འགོད་པ་གཉིས་ལས། དང་པོ་ནི། རྡོ་རྗེ་མཁའ་འགྲོ་ལས་རིགས་སོ་སོའི་དྲིལ་བུར་བཤད་དོ། །འདིར་ཕྱི་མ་མཛད་དོ། །དེའི་མཐའི་འོག་ཏུ་སྐ་རགས་གཉིས་ཀྱི་བར་དུ་རྡོ་རྗེ་ཕྲེང་བ་བྱ་སྟེ། འདི་ལ་རྡོ་རྗེ་མཁའ་འགྲོར། གང་དང་གང་གི་དྲིལ་བུ་ཡིན་པ་དེ་དང་དེ་ལ། འཁོར་ལོ་སོགས་རང་རང་གི་མཚན་མའི་ཕྲེང་བ་འགོད་པར་བཤད་དོ། །དེའི་འོག་ཏུ་རིན་པོ་ཆེ་ལ་སོགས་པ་དྲ་བ་དང་དྲ་བ་ཕྱེད་པས་བརྒྱན་པའོ། །ཡང་དྲ་བའི་ནང་དུ་ཤར་ལ་སོགས་པའི་ཕྱོགས་བཞིར་འཁོར་ལོ། རིན་པོ་ཆེ། པདྨ། རལ་གྲི། མེ་ནས་མཚམས་བཞིར། སྤྱན། རྡོ་རྗེ། པདྨ། ཨུཏྤལ། བར་བར་ཏུ་ཀུ་མུ་ཏ་དང་། ཨུཏྤ་ལ་དང་། པདྨ་དང་། རིན་པོ་ཆེ་དང་། པ་ཏྲ་དང་། མྱུ་གུ་ལ་སོགས་པའི་ཇི་ལྟར་མཛེས་པར་འགོད་པ་ཡང་བཤད་དོ། །དྲིལ་བུའི་ཁའི་དབྱིབས་ནི་ཟླུམ་པོ་ལ། འགའ་ཞིག་གི་ཁ་ཨཏྤལ་ཅུང་ཟད་བྱེ་བ་ལྟ་བུ་དང་། འགའ་ཞིག་པདྨ་རྒྱས་པ་ལྟ་བུ་དང་། འགའ་ཞིག་བ་གླང་གི་ཁ་ལྟ་བུ་ལས། འདིར་རྡོ་རྗེའི་རིགས་ཀྱི་བ་གླང་གི་(ཁ་)ལྟ་བུའི་སྟེང་དུ་སྐ་རགས་གཉིས་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་གཉིས་སམ་གཅིག་གིས་བསྐོར་བའོ། །ཕྲེང་བ་དེ་དག་ནི་རིགས་སོ་སོའི་དབྱེ་བས་འཁོར་ལོ་ལ་སོགས་པར་ཡང་བཤད་དོ། །ཡི་གེ་ལྃ་གྱི་ཕྱོགས་ཀྱི་ནང་ཨོཾ་ཨཱཿ་ཧཱུྃ་གསུམ་ཟ་ར་ཚགས་སུ་འགོད་ཅིང་། ལྟེ་བའི་འོག་ཐད་ཀྱི་ནང་གི་དབུས་སུ་ནམ་མཁའི་རྡོ་རྗེ་ལས་འཕྱང་བའི་ཡེ་ཤེས་ཀྱི་རང་བཞིན་གྱི་ལུགས་ཀྱི་དབྱུག་གུ་ཇི་ལྟར་མཚམས་པའོ། །འདིའི་དབྱིབས་ཟུར་བརྒྱད་པར་ཡང་བཤད་དོ། །རྡོ་རྗེ་མཁའ་འགྲོར། སྲིད་དུ་སོར་དགུ་པ་དྲ་བ་ཕྱེད་ཀྱིས་མཚན་མ་ཡངས་པ། ཁ་སོར་ལྔ་པར་བྱས་པའི་དྲིལ་བུ་ཡང་གསུངས་སྟེ། གང་ལྟར་སོར་ཉི་ཤུ་ལས་ལྷག་པར་མི་བྱའོ། །དྲིལ་བུའི་རྣམ་དག་ལའང་། སྐུ་གསུམ་ལ་སྦྱར་བ། སྐུ་གསུང་ཐུགས་ལ་སྦྱར་བ། ཁམས་གསུམ་དག་བྱེད་ལ་སྦྱར་བ་སོགས་མང་དུ་སྣང་ངོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་ཉེར་མཁོའི་ལེགས་བཤད་ལས་སོ། །

{{#arraymap:དྲིལ་བུ་

|; |@@@ | | }}