31821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲིལ་བུ་པ་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་གྲུབ་ཆེན་དྲིལ་བུ་པ་སྟེ། རྒྱ་གར་ཤར་ཕྱོགས་ནཱ་ལེནྡྲའི་རྒྱལ་པོ་ཞིག་གི་སྲས་སུ་འཁྲུངས་ཏེ། ཡབ་འདས་པ་དང་བློན་པོ་ལ་སོགས་པས་རྒྱལ་ཚབ་ཏུ་མངའ་གསོལ་བས། དཔལ་ནཱ་ལེནྡྲར་ཕྱིན་ནས་མཁན་པོ་རྒྱལ་བའི་ལྷ་རབ་ཏུ་བཟང་པོ་ལ་རབ་ཏུ་བྱུང་སྟེ། མཚན་བློ་གྲོས་སྙིང་པོའི་དཔལ་ཞེས་བཏགས། རིག་པའི་གནས་དང་སྡེ་སྣོད་ཐམས་ཅད་ལ་མཁས་པའི་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར། མུ་སྟེགས་དང་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པས་ཕམ་པར་བྱས། རྒྱལ་པོའི་མཆོད་ནས་མཛད་སྔགས་གསང་གི་གཞུང་ལས་གྲུབ་པ་བརྙེས། ལས་ཀྱི་ཕྱག་རྒྱ་སྒྲུབ་པར་བཞེད་པའི་སྐབས་སུ་བབས་ཏེ། གྲུབ་པའི་སྤྱོད་པ་མཛད་པར་རྒྱལ་པོ་ཁྲོས་ནས། དམའ་དབབ་པའི་ཕྱིར་གྲོང་ཁྱེར་གྱི་སྨད་འཚོང་མ་གཡོ་ཐབས་ཀྱིས་སློབ་དཔོན་གྱི་ཞབས་ཕྱི་བསྐུལ། དེ་སྐལ་བ་དང་ལྡན་པར་གཟིགས་ནས་གནང་སྟེ། ཕྱག་རྒྱ་མ་བྱས་ནས་རིམ་པ་ལྔ་པ་མཐར་མ་ཕྱིན་གྱི་བར་དུ་ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་ནས། མ་འོངས་པའི་སེམས་ཅན་དམན་པ་རྣམས་ཀྱི་དོན་དུ། ཐུགས་རྗེ་ཆེན་པོའི་སྤྲུལ་པ་སྤྱན་དྲངས་པའི་དགོངས་པ་དང༌། མི་མོས་པ་བཟློག་པར་བྱ་བའི་དོན་དུ་གྲོང་ཁྱེར་དུ་བཞུད། དེ་ནས་རྒྱལ་པོས་ཆང་འཚོང་མ་ལ་མངགས་ཏེ། དེ་རིང་ནགས་གསེབ་ནས་དགེ་སློང་ཁྲིད་ལ་ཤོག་ཅེས་སྨྲས་སོ། །ཐམས་ཅད་སྒོ་དྲུང་དུ་འཚོག་ཏུ་བཅུག་སྟེ། ལམ་དུ་རིམ་པ་བཞིན་ཆང་གི་བུམ་པ་བསྒྲིག་ཏུ་བཅུག་སྟེ། སྤྱན་དྲངས་པ་ལྟར་གྲོང་ཁྱེར་དུ་སླེབས་པའི་ཚེ། རྒྱལ་པོས་དབུ་བྱས་གྲོང་ཁྱེར་པ་རྣམས་ཀྱིས། སློབ་དཔོན་རང་ཉིད་ཀྱིས་བྱས་པའི་སྔར་གྱི་ཚིགས་བཅད་གླུར་ལེན་ཅིང༌། རྒྱལ་པོས་སྤྱན་དྲངས་པའི་ཚེ་མི་འོང་བར། ཆང་འཚོང་མའི་བུ་མོས་བོས་པའི་ཚེ་དེ་ལ་འབབ་པ་ཞེས་ཐལ་མོ་བརྡབས་ཤིང་གད་མོའི་སྒྲ་བྱས་པས། སློབ་དཔོན་གྱིས་སྔར་དགོངས་པ་དང་རང་གི་ནུས་པ་བསྟན་པའི་ཕྱིར། རྭ་སྣོད་དེ་ས་ལ་བརྡབས་པས། ས་འོག་རིམ་པ་བདུན་དུ་ཕུག་སྟེ། འོག་གི་ཆུ་ཆེན་པོ་གྱེན་དུ་ཕྱུང་ངོ༌། །དེ་མ་ཐག་སློབ་དཔོན་རང་ཉིད་ཧེ་རུ་ཀར་བྱས། བཙུན་མོ་རྡོ་རྗེ་ཕག་མོར་བྱས། སྤྲུལ་པའི་བུ་ནི་རྡོ་རྗེར་བྱས། བུ་མོ་ནི་དྲིལ་བུར་བྱས་ཏེ། བདེ་མཆོག་ལྷན་ཅིག་སྐྱེས་པའི་རྣམ་པར་བྱས་ནས་ནམ་མཁའ་ལ་གཤེགས་སོ། །རྒྱལ་པོ་ལ་སོགས་པའི་སྐྱེ་བོ་ཐམས་ཅད་ཀྱིས་སློབ་དཔོན་ལ་བཟོད་པར་གསོལ་བས། ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅེས་གསུངས་ནས་ཐམས་ཅད་ཀྱིས་ན་མོ་ལོ་ཀེ་ཤྭ་རཱ་ཡ་ཞེས་གསོལ་བ་བཏབ་པས། ཆུའི་དབུས་ནས་ཐུགས་རྗེ་ཆེན་པོའི་སྐུ་རང་བྱུང་ཞིག་བྱུང་སྟེ། དེ་ལ་ཆུ་རྣམས་སྐོར་བ་ལན་བདུན་བྱས་ས་འོག་ཏུ་སོང་ངོ༌། །ཨོ་ཌི་བི་ཤ་བ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པ་ལ་ཚུད་ནས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ངོ༌། །སློབ་མ་གྲུབ་ཐོབ་མང་དུ་བྱོན་ཀྱང་གཙོ་བོ་རུས་སྦལ་ཞབས། དེས་ཛཱ་ལནྡྷ་རི་པ། དེས་ནག་པོ་པ་སོགས་རིམ་བཞིན་གྲུབ་པའི་གནས་སུ་བཀོད་དོ། །

{{#arraymap:དྲིལ་བུ་པ་

|; |@@@ | | }}