31973

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
དྲེད་མོང་ (1)
Part of speech མིང་ཚིག
Definition སྤྱིའི་གཟུགས་དབྱིབས་ཆེ་ཆུང་དོམ་དང་འདྲ་བའི་སྲོག་ཆགས་ཤིག་སྟེ། མགོ་བོ་ཟླུམ་ལ་སྣ་གདོང་དོམ་ལས་རིང་བ། སོག་པ་གཉིས་འབུར་དུ་ཐོན་པ་དང༌། རྐང་ལག་སྦོམ་ལ་ཅུང་ཟད་ཐུང་བར་སྡེར་མོ་དོམ་ལྟར་རྣོ་བོ་ཡོད། ལུས་ཧྲིལ་པོའི་སྤུ་མདོག་ཁམ་ནག་རྩུབ་ཅིང་རིང་བ་དང༌། མགོ་སྤུ་ཁམ་དམར་ལུས་པོའི་སྤུ་ལས་རིང་བ་ཡོད་པ། གསུས་པའི་ལོགས་ཀྱི་སྤུ་ཅུང་ཟད་སྐྱ་བ་དང་ཡུལ་རེ་འགར་སྤུ་མདོག་རག་པ་བྱས་པ་ཡང་ཡོད་པ་སོགས་གནས་ཀྱི་དབང་གིས་ཆེ་ཆུང་དང་སྤུ་མདོག་ལ་ཁྱད་པར་ངེས་ཅན་ཡོད། རྒྱུན་དུ་འཚོ་གནས་བྱེད་ཡུལ་ལའང་ཡུལ་སོ་སོའི་ཁྱད་པར་གྱིས་ནགས་ཚལ་གསེབ་ཏུ་གནས་པ་དང༌། བོད་ལྗོངས་ཀྱི་བྱང་རྩྭ་ཐང་གི་རི་དང་ཐང་སོགས་གནས་ཡུལ་ངེས་པ་མེད་ཅིང་ཕལ་ཆེ་བ་ཉིན་མོར་རྒྱུ་བ་མང་བ་དང༌། ཤིང་སྡོང་སོགས་ལ་འཛེག་ཤེས་ཤིང་ཆུ་རྐྱལ་ཡང་ཤེས་པར་མ་ཟད། སྐབས་རེ་ཡར་ལངས་ནས་རྐང་པ་གཉིས་སྤོས་ཏེ་མི་ལྟར་འགྲོ་བ་ཡང་ཡོད། སྣ་རྫི་གསང་ལ་མིག་མི་གསལ་བ་དང༌། གྱེན་དུ་འགྲོ་བར་མགྱོགས་ཤིང་ཐུར་དུ་འགྲོ་བ་དཀའ། བོད་ཟླ་བཅུ་པ་ནས་ཕྱི་ལོའི་དཔྱིད་ཀའི་བར་དོམ་ལྟར་ཉལ་བ་ཡིན། ཟས་རིགས་སྣ་ཚོགས་ཟ་ལ་སྟོན་མཚམས་སུ་ལོ་ཏོག་གི་རིགས་དང་ལྷག་པར་སྦྲང་རྩི་ཟ་བར་དགའ་ཞིང་སྐབས་འགར་བྱེའུ་སོགས་སྲོག་ཆགས་ཆུང་རིགས་ཀྱང་ཟ། དབྱར་དུས་འཁྲིག་སྦྱོར་བྱེད་དུས་ཕོ་མོ་མཉམ་དུ་སྡོད་པ་མ་གཏོགས། དུས་གཞན་ལ་ཕོ་མོ་སོ་སོར་སྡོད་པ་དང༌། མངལ་སྦྲུམ་གྱི་ཡུན་ཚད་ལོ་ཕྱེད་ཙམ་ཡིན་ཞིང༌། བཙའ་ཐེངས་རེ་ལ་ཕྲུ་གུ་གཅིག་ནས་གཉིས་ཙམ་བཙའ་བ་ཡིན།