32893

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་ཆེན་རྟོགས་ལྡན་ཆོས་སྐྱོང་དར་རྒྱས་ (1)
Part of speech མིང་ཚིག
Definition ནང་ཆེན་རྟོགས་ལྡན་སྒྲུབ་དཔོན་བླ་མ་ཆོས་སྐྱོང་དར་རྒྱས་མཆོག་ནི། ཁམས་ནང་ཆེན་རྨེ་གཞུང་དུ། ཡབ་དུང་ལོངས་སྤྱོད་ཅེས་པ་དང༌། ཡུམ་བས་བཟའ་སྒྲོན་རྡིས་ཞེས་གཏེར་ཆེན་མཆོག་གླིང་གིས་ཚེའི་རྟེན་འབྲེལ་འགྲིག་པར་ལུང་བསྟན་པ་ལྟར་དགུང་ལོ་བརྒྱ་དང་བཅུ་གསུམ་ཐུབ་པ་དེ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ ༡༨༨༡ ལོར་འཁྲུངས། ནར་སོན་ནས་གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་ལ་གཏུགས། ཕྱག་རྫོགས་ཀྱི་ཟབ་ཆོས་རྣམས་གནང་ནས་སྲས་ཀྱི་ཐུ་བོར་གྱུར་ཅིང༌། བླ་མའི་སློབ་ཚོགས་རྣམས་ལ་ཁྲིད་དཔོན་རྒྱུན་རིང་ཙམ་མཛད། གྲུབ་དབང་བླ་མས་མཉམ་མེད་དྭགས་པོའི་སྤྲུལ་པ་ཡིན་པར་གསུངས། ང་ནང་ཆེན་དུ་མ་སླེབས་ཀྱང༌། ངའི་ཚབ་ཆོས་སྐྱོང་དར་རྒྱས་ཡིན་གསུངས་པ་སོགས་བསྔགས་བརྗོད་མཛད། གྲུབ་དབང་སྐུ་གཤེགས་རྗེས་རྨེ་རྒྱལ་རི་ཁྲོད་དུ་སྒྲུབ་པར་བཞུགས་ནས་བདེ་མཆོག་གི་བསྙེན་པ་ཤྲཱི་བཛྲ་དུང་ཕྱུར་གཅིག་བསྙེན་པས་བདེ་མཆོག་ཞལ་ཕྱག་རྒྱས་པ་ཐེངས་གསུམ་དང་ལྷན་སྐྱེས་ཐེངས་གཅིག་ཞལ་གཟིགས་བྱུང་ཞིང༌། བདེ་མཆོག་དེ་ཉིད་དུས་འཁོར་དུ་འགྱུར་བའི་རྐྱེན་གྱིས་ཧཾ་ཀྵ་མ་ལ་དུང་ཕྱུར་གཅིག་ཞལ་འདོན་མཛད་པ་དང༌། ཕྱག་ཆེན་དང་ཆོས་དྲུག་གི་ལམ་ལ་བརྩོན་འགྲུས་མཐར་ཕྱིན་པར་མཛད་པས་ལམ་རྟགས་ཀྱི་ཡོན་ཏན་ཚད་དུ་འཁྱོལ། སྐུ་ཚེ་སྨད་ཙམ་ལ་ནང་ཆེན་ཚེས་བཅུ་དགོན་གྱི་སྒྲུབ་སྡེ་ཟབ་གསལ་བདེ་ཆེན་གླིང་དུ་སྒྲུབ་དཔོན་བླ་མ་མཛད་དེ། འཁྲུལ་ཞིག་བརྒྱད་པ་ཨ་ལྡེའུ་རིན་པོ་ཆེ་ལ་ནཱ་རོ་ཆོས་དྲུག་ཞལ་ཁྲིད་མྱོང་བས་བརྒྱན་པ་དང༌། བདེ་མཆོག་བཅུ་གསུམ་མའི་སྨིན་དབང་བཅས་སྩལ་ཅིང༌། སྐལ་བཟང་གི་སློབ་མ་མང་པོ་རྗེས་སུ་བཟུང༌། དེ་ནས་ལོ་སྔ་མ་ནས་བཟུང་ཤམྦྷ་ལའི་ཞིང་དུ་ཡོད་པའི་སྣང་བ་ཡང་ཡང་འཆར་གྱིན་འདུག་ཅེས་ཐེངས་འགར་གསུངས་ཏེ། དགུང་ལོ་དོན་གཉིས་པ་ཆུ་འབྲུག་ ༡༩༥༢ ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔའི་ཉིན་སྙུན་ཟུག་ཅི་ཡང་མེད་པར་དགོངས་པ་ཞི་དབྱིངས་སུ་ཐིམ་མོ། །སྐུ་གདུང་ཞུགས་སུ་ཕུལ་སྐབས་དགུན་ཡིན་ཡང་ཁ་བ་པདྨའི་འདབ་ལྡན་བབ་པ། འབྲུག་སྐད་ལྟ་བུའི་སྒྲ་ལྡིར་བ། འཇའ་ཚོན་འཁྱིལ་བ་སོགས་རྟགས་མཚན་ངོ་མཚར་བར་བྱུང་ཞིང༌། སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེས་དགོངས་རྫོགས་མཆོད་འབུལ་རྒྱས་པ་དང༌། གདུང་རུས་ལས་སིནྡྷུ་ར་དང་རིང་བསྲེལ་བབ་པ་དག་དང་སྔོན་ཆད་ཁོང་ལྷོ་བྲག་མཁར་ཆུར་བཞུགས་སྐབས་རྡོ་ནག་པོ་ལ་ཨཱཿཡིག་དཀར་པོ་སྒྲོས་གཙང་འབུར་དུ་དོད་པ་ཞིག་ཕྱག་ཏུ་སོན་པ་དེ་སོགས་སྙིང་པོར་བཞུགས་པའི་གདུང་རྟེན་དུས་འཁོར་མཆོད་རྟེན་གསེར་ཟངས་ལས་བསྐྲུན་པ་ཕྲ་རྒྱན་བཀོད་ལེགས་རབ་གནས་བཅས་ཚད་ལྡན་དུ་བཞེངས་སོ། །