33008

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནང་རོལ་ཅུང་མཐོས་དགོན་ (1)
Part of speech མིང་ཚིག
Definition ནང་རོལ་ཅུང་ཐོད་དགོན་འདི་ནི་བོད་ལྗོངས་གཙང་རྒྱལ་རྩེ་རྫོང་ན་རོང་གྲོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ལྔ་ཙམ་གྱི་སར་ཡོད། དགོན་འདི་ནང་རོལ་གྲོང་ཁུལ་དུ་ཡོད་པའི་རྒྱུ་མཚན་གྱིས་ནང་རོལ་ཞེས་པ་དང་། ཅུང་མཐོས་ཞེས་པ་ནི། སྔར་སློབ་དཔོན་ཆེན་པོས་གནས་སྒོ་འབྱེད་གནང་སྐབས། ངའི་གནས་འདི་ཅུང་མཐོས་འདུག་གསུངས་པར་གཞི་བྱས་ཏེ་དགོན་གནས་འདིའི་མཚན་ཡང་ནང་རོལ་ཅུང་མཐོས་ཞེས་གྲགས། དེ་ཡང་ཇོ་ནང་འགྲོ་བའི་མགོན་པོ་ཏཱ་ར་ན་ཐས་མཛད་པའི་(མྱང་ཆོས་འབྱུང་ལས) མཁར་ཁའི་བྱང་ཤར་ཕུའི་རི་ལ་སློབ་དཔོན་པདྨའི་གཟིམ་ཕུག་ནང་རོལ་ཅུང་མཐོས་ཡོད། གནས་འདིར་ཨོ་རྒྱན་བསྟན་གཉིས་གླིང་པས་སྤྱིར་གཏེར་བརྒྱ་རྩ་བརྒྱད་འདོན་པར་ལུང་བསྟན་ཞེས་གསལ། སྔོན་སློབ་དཔོན་ཆེན་པོ་གནས་འདིར་ཐོག་མར་ཕེབས་སྐབས་དགོན་གནས་འདིའི་ནུབ་ངོས་ཀྱི་རི་གཤམ་དུ་ཆུ་མིག་ཅིག་ཡོད་པ་དེར་འཇམ་དབྱངས་ཀྱིས་ཞལ་གཟིགས། ཆུ་མིག་དེ་ལ་འཇམ་ཐང་ཆུ་མིག་ཟེར། ཆུ་དེ་བཏུང་ན་བློ་གྲོས་འཕེལ་བར་བརྗོད། རྒད་མོ་ལ་ལ། སློབ་དཔོན་རིན་པོ་ཆེའི་སྒྱེད་བུ་རང་འཁྲུངས། སློབ་དཔོན་གྱིས་ཕྱག་འཁར་བྲག་ལ་བཙུགས་པས་སྒྲུབ་ཆུ་ཆུ་བཟང་དང་། ཚུར་ཙམ་ན་མཁའ་འགྲོའི་དར་ཕུག་དང་། དེའི་ཚུར་ཙམ་ན་རྒོད་སྐྱོང་ཆུ་མིག་དང་། དགོན་དེའི་རྒྱབ་ཕྱོགས་སུ་སློབ་དཔོན་གྱི་ཕྲེང་བ་ཆད་ས་ཤ་བ་ཡུ་མོའི་ས་ཆ་སོགས། གནས་རི་ངོ་མཚར་ཅན་ཞིག་ཡིན་པར་ཤོད་འདུག དགོན་པ་ཆགས་སའི་དབྱིབས་རྡོ་རྗེ་ཕག་མོ་གན་རྐྱལ་དུ་བཞུགས་ཚུལ་དུ་ཡོད་པ་དེའི། ཐུགས་ཀའི་ཐད་དུ་འདུ་ཁང་དང་། སློབ་དཔོན་གྱི་གཟིམ་ཕུག་ཡོད། ཕག་མོའི་སྐུ་པང་སྟེང་དུ་ནང་གི་དུར་ཁྲོད་དང་། ཕྱི་ཡི་དུར་ཁྲོད། གསང་བའི་དུར་ཁྲོད་སོགས་ཡོད་འདུག དགོན་དེར་ཕྱི་སྐོར་དང་ནང་སྐོར་གཉིས་ལ་མཚོ་རྒྱལ་སྒྲུབ་ཕུག་སོགས་བྲག་རིའི་རང་བྱོན་མང་པོ་མཇལ་རྒྱུ་ཡོད་འདུག སློབ་དཔོན་ཆེན་པོའི་སྒྲུབ་ཕུག་གི་གཡས་གཡོན་མདུན་རྒྱབ་རྣམས་སུ་ཁྱད་དུ་འཕགས་པའི་རང་བྱོན་ཤིན་ཏུ་མང་བར་ཡོད་འདུག སློབ་དཔོན་ཆེན་པོས་གནས་འདིར་སྒྲུབ་པ་གནང་མཁན་ཕལ་ཆེ་བ་དཀར་བརྒྱུད་བླ་མར་འབྱུང་བར་ལུང་བསྟན་པ་བཞིན། འདི་ཉིད་ཀྱང་འབྲུག་པ་དཀར་བརྒྱུད་པའི་གདན་ས་ཞིག་ཏུ་གྱུར། ཕྱི་ལོ་༡༩༥༩སྔོན་ཙམ་དུ་གདན་ས་འདིར་བླ་མ་གཅིག་དང་བཙུན་མ་བཞི་བཅུ་རྩ་གྲངས་བཞུགས་ཡོད་ཀྱང་། རྒྱ་དམར་གྱི་ཉམས་ཉེས་འོག་དགོན་སྡེ་གཞན་ལྟར་ཕྱི་ནང་གི་སྐུ་གསུང་ཐུགས་རྟེན་ཚང་མ་འཐོར་བརླག་ཏུ་སོང་བ་སྤྱི་མཚུངས་བཞིན་ནོ། །བསྟན་པ་ཡང་དར་ཕྱི་ལོ་༡༩༨༧ ལོར་སྔར་རི་བོ་ཆེའི་དགོན་པའི་གྲྭ་རྒན་བསྟན་འཛིན་ལགས་དང་། དད་ལྡན་པདྨ་ཚེ་དབང་ལགས། རྡོ་རྗེ་རྒྱལ་པོ་ལགས་བཅས་ནས་གཙོ་བོའི་འགན་འཁུར་འོག་དང་། དད་ལྡན་མང་ཚོགས་རྣམ་པའི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་སྔར་གྱི་དགོན་ཤུལ་དུ་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་གནང་ཡོད་འདུག་པ་བཅས་སོ། །