33340

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནམ་མཁའ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ཀཿཐོག་གི་གདན་ས་འཛིན་པ་དྲུང་རབས་བཅུ་གསུམ་པ་སྟེ། ཁོང་ནི་མ་ཎི་རིན་ཆེན་འཇའ་ལུས་སུ་གཤེགས་པའི་ཉེ་བསྐོར་ཉ་བྲིད་སྟེམ་དང་ཉེ་བར་ཨ་རིས་ཟངས་སྟོད་ཉིན་ཁང་ཞེས་པར་རབ་བྱུང་བཅུ་གཅིག་པ་ཆུ་བྱི་ཕྱི་ལོ་ ༡༦༧༢ ལོར་སྐུ་འཁྲུངས། ཆོས་རྗེ་དམ་པ་རིན་པོ་ཆེའི་ཐུགས་ཀྱི་སྤྲུལ་པར་གྲགས། གཏེར་ཆེན་ཀློང་གསལ་སྙིང་པོས་རང་གི་ཆོས་བདག་ཏུ་ངོས་འཛིན། དགུང་ལོ་ཆུང་དུས་རག་ཆབ་དགོན་དུ་གྲྭ་ཁལ་དུ་བཞུགས། ཀཿཐོག་ཏུ་དགེ་སློང་བཀྲ་ཤིས་འོད་ཟེར་དང་ས་དམར་དུ་མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ་གཏེར་སྲས་ཚེ་དབང་གྲགས་པའི་སྤྲུལ་སྐུ་ཀློང་གསལ་སྙིང་པོའི་དབོན་དཀོན་མཆོག་མགོན་སོགས་བླ་མར་བསྟེན། རང་ལུགས་ཀྱི་གདམས་ཁྲིད་སྨིན་བྱེད་ཡོངས་རྫོགས་གསན། སྐུ་ཚེ་ཕལ་ཆེར་མཚོ་ཕུར་བཞུགས་ནས་སྒྲུབ་པ་ཁོ་ན་མཛད། ཀཿཐོག་པའི་གྲྭ་རྒྱུན་ཕྱོགས་མཐའ་དག་ནས་ཕེབས་པ་རྣམས་ལ་ཀཿཐོག་པའི་སྔ་སྲོལ་བཀའ་གཏེར་སྤྱི་དང་ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོ་སོགས་ཀྱི་སྨིན་གྲོལ་འཆད་སྤེལ་རྒྱ་ཆེར་གནང༌། སི་ཏུ་ཆོས་ཀྱི་འབྱུང་གནས་དང༌། སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་སོགས་སྐྱེས་ཆེན་མང་པོས་ཞབས་ལ་བཏུད། ཀཿཐོག་རྒྱལ་སྲས་རིན་པོ་ཆེ། བྲག་དམར་ཀུན་བཟང་རྣམ་རྒྱལ། དྲི་མེད་ཞིང་སྐྱོང་མགོན་པོ། ཀཿཀ་དབོན་པོ་སོགས་བརྒྱུད་འཛིན་གྱི་སློབ་མ་མང་དུ་བསྐྱངས་ནས་མཛད་འཕྲིན་མཐར་ཕྱིན་པའོ། །