From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ནཱ་རོ་ཆོས་དྲུག་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་རྒྱུད་ཀྱཻ་རྡོར་དང་བདེ་མཆོག་ནས་བཤད་པའི་གཏུམ་མོ། ཕ་རྒྱུད་གསང་བ་འདུས་པ་ནས་བཤད་པའི་སྒྱུ་ལུས། དེ་ནས་བཤད་པའི་འོད་གསལ་སྟེ་རྩ་བ་གསུམ། མ་རྒྱུད་གདན་བཞི་ནས་བཤད་པའི་འཕོ་བ། དེ་ནས་བཤད་པའི་གྲོང་འཇུག བར་དོའི་གདམས་ངག་སྟེ་ཡན་ལག་གསུམ་བཅས་སོ། །
|
| Domain
|
ཆོས་ལུགས།
|
ནཱ་རོ་ཆོས་དྲུག་ (2)
| Part of speech
|
མིང་ཚིག
|
| Definition
|
རྒྱ་གར་གྱི་པཎ་ཆེན་ན་རོ་པ་ནས་བརྒྱུད་པའི་གདམས་པ་འདི་ལ་ཆོས་དྲུག་འདྲེན་ལུགས་གཉིས་ལས་གཅིག་ནི། གཏུམ་མོ་དང༌། འོད་གསལ། སྒྱུ་ལུས། ཟུང་འཇུག འཕོ་བ། གྲོང་འཇུག་སྟེ། དང་པོ་གཏུམ་མོ་ནི། རྩ་གསུམ་གྱི་འདུས་མདོར་ཨ་ཐུང་གི་ངོ་བོར་ཐིག་ལེ་དམར་པོ་སྲན་མ་འབྲིང་པོ་ཙམ་མེ་སྟག་གི་རྣམ་པ་གཅིག་བསྒོམ། རླུང་སྔར་བཞིན་བཟུང་ནས་གཡས་གཡོན་ནས་ཐིག་ལེ་ལ་རྒྱབ་པས་ལྕགས་སྲེག་ལ་ཕུས་བཏབ་པ་བཞིན་ཏུ་དམར་ཝར་ཝར་ཞག་གསུམ་བསྒོམ། མ་ཟིན་པ་ཟིན་པའི་གདམས་ངག་གོ། དེ་ནས་སྔར་བཞིན་བསྒོམས་པས་རླུང་གི་ཐིག་ལེ་སྤྱོད་ནས་མེ་ཁ་དོག་དམར་བ། རེག་བྱ་ཚ་བ། བྱ་བཏང་རྒོད་པ། རྩེ་མོ་རྣོ་བ་སོར་གང་ཙམ་ཞག་གསུམ་བསྒོམ། སོར་གསུམ། སོར་ལྔ། སོར་བདུན་བར་དུ་ཞག་གསུམ་རེ་བསྒོམ། རླུང་བྱང་ནས་བདེ་བའི་དུས་སུ་བུམ་པ་ཅན་གྱི་སྦྱོར་བ་བྱ། ཟིན་པ་བརྟན་པའི་གདམས་ངག་གོ། ཡང་ཐིག་ལེ་སྔར་བཞིན་རླུང་གིས་བསྐྱོད་ནས་དབུ་མའི་རྒྱུད་དུ་ཡར་སོར་བརྒྱད་འབར་བས་སྤྱི་བོའི་ཧཾ་ལ་ཕོག་པས་ཐིག་ལེ་དཀར་ལ་སྣུམ་པ་སྲན་མ་ཙམ་ཞིག་ཆད་ནས་མེ་ཐོག་ཏུ་ཕོག་པས་བདེ་དྲོད་ཆེར་འབར་བས་ལྟེ་བ་མན་ཆད་མེས་གང་བ་ཞག་གསུམ་བསྒོམ། དེ་ཐིགས་པ་རེ་ལ་དང་སྦྱར་བས་སྙིང་ག མགྲིན་པ། སྤྱི་བོ་མན་ཆད་ཞག་གསུམ་རེ་བསྒོམ་པ་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་སྟེ་གཏུམ་མོའི་བསྒྲིག་རིམ་རྣམས་ཚ་གྲང་གི་ཚད་དང་སྦྱར་ནས་ཚ་བ་ཤས་ཆེ་ན་ཐིག་ལེ་ཆེར་བསྐྱེད། གྲང་བ་ཤས་ཆེ་ན་གཏུམ་མོ་ཆེར་བསྐྱེད། གང་ཟག་གི་ཁམས་དབང་པོ་དང་བསྟུན་ནས་བརྩོན་པ་གལ་ཆེ། འཁྲུལ་འཁོར་ཡང་རླུང་དང་བསྟུན་ནས་བཏོན་པ་ཡིན་ནོ། །གཏུམ་མོ་སེམས་ཀྱི་ངོ་བོ་དེ། རྣམ་ཤེས་རླུང་གི་རྟ་ལ་སྐྱོན། འཁྲུལ་འཁོར་སྒྱོགས་ཀྱི་ལྕག་གིས་བྲབ། །རྩ་དབུ་མའི་ཐང་ལ་ཁ་ཡན་གློད། །ཨེ་མ་ཡ་མཚན་མི་ཆེའམ། །སྒྱུ་ལུས། སྒྱུ་ལུས་ཉམས་སུ་ལེན་པ་ནི། གཏུམ་མོའི་དུས་སུ་སེམས་རིག་ཐོག་ཏུ་བརྟན་པ་མ་ཐོབ་ནས་ཡུལ་ཐོག་ཏུ་འབྱམས་ཤོར་བས་མིག་གིས་གཟུགས་བཟུང་བ་ལ་སོགས་པ་དབང་པོ་དྲུག་གི་ཡུལ་དུ་དབང་ཤེས་རྣམས་སྐྱེས་པའི་དུས་སུ་སྒྱུ་མའི་དཔེ་བརྒྱད་དང་སྦྱར་ནས་སྣང་སྟོང་འཛིན་མེད་དུ་ཉམས་སུ་ལེན་པ་ནི་མ་ཟིན་པ་ཟིན་པའི་གདམས་ངག་གོ དེ་ནས་མདུན་དུ་མེ་ལོང་ལ་སོགས་པ་ལ་རང་གི་གཟུགས་འཆར་དུ་བཅུག་ཅིང་། དེ་ལ་བསྟོད་སྨད་དང་བརྡེག་བཙོག་དང་རྒྱན་འདོགས་པ་ལ་སོགས་པ་བྱས་པས་དེ་ལ་དགའ་མི་དགའི་འདུན་པ་བཏང་ལ། ཡུལ་ཐམས་ཅད་དེ་དང་འདྲ་བར་སྦྱངས་བ་ནི་ཟིན་པ་བརྟན་པའི་གདམས་ངག་གོ དེ་ལྟར་སྣང་འབྱུང་སྙམ་པ་ཤར་ནས། ཡུལ་ཐམས་ཅད་སྦྱར་ལ། གཞན་གྱི་སྒྲོ་སྐུར་བྱུང་བ་དང་། བསྟོད་སྨད་ལ་སོགས་པ་བྱེད་དུ་བཅུག་ལ་ཐམས་ཅད་རོ་མཉམ་དུ་ཉམས་སུ་ལེན་ནས། ཟུང་འཇུག་བློས་མ་རིག་པ་ནི་བརྟན་པ་བོགས་དབྱུང་བའི་གདམས་ངག་གོ
|