33591

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནཱ་རོ་མཁའ་སྤྱོད་མ་ (1)
Part of speech མིང་ཚིག
Definition རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག གཡོན་ཐོད་པ་ཁྲག་གིས་གང་བ་སྟེང་གི་ཕྱོགས་སུ་བཟུང་ནས་གདོང་གྱེད་དུ་ཕྱོགས་པས་གསོལ་བ། ཕྲག་པ་གཡོན་པར་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ལ་དྲིལ་བུ་གཡེར་ཁ་དང༌། འཕན་ལྕེ་གསུམ་པ་བསྣམས་པ། བཞད་ཅིང་མཆེ་བ་གཙིགས་པ། སྒེག་ཅིང་མཛེས་ལ་ནུ་འབུར་རྒྱས་ཤིང༌། སྐེད་སྐབས་ཕྲ་བ། ཀླུ་ཤིང་གི་མེ་ཏོག་སྣ་ལྔས་བརྒྱན་པའི་དབུ་སྐྲ་ནག་པོ་སིལ་བུར་གྲོལ་ཞིང༌། ཐོད་སྐམ་རྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་ཤལ་ཅན། གཅེར་བུ་རུས་པའི་རྒྱན་ལྔས་བརྒྱན་པ། པདྨ་དང་ཉི་མ་གདན་ལ་ཞབས་གཡས་བརྐྱངས་པས་དུས་མཚན་མ་དམར་མོ་དང༌། གཡོན་བསྐུམས་པས་འཇིགས་བྱེད་ནག་པོ་མནན་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་འཕགས་མ་རིག་མའི་དབང་ཕྱུག་ཁམས་གསུམ་གྱིས་མི་ཐུབ་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་འབྱུང་པོའི་འཇིགས་པ་ཐམས་ཅད་རྡོ་རྗེ་ཆེན་པོས་འཇོམས་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་རྡོ་རྗེ་གདན་བཞུགས་གཞན་གྱིས་མི་ཐུབ་དབང་བྱེད་ཅནཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་གཏུམ་མོ་ཁྲོ་མོའི་གཟུགས་ཀྱིས་ཚངས་པ་སྐེམ་པར་མཛད་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་བདུད་རྣམས་སྐྲག་ཅིང་སྐེམས་པས་གཞན་གྱི་ཕྱོགས་ལས་རྒྱལ་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་རྨུགས་བྱེད་རེངས་བྱེད་རྨོངས་བྱེད་ཀུན་ལས་རྣམ་པར་རྒྱལ་ཧཱུཾ་ཧ྄ཱུཾ་ཕཊ། །ཨོཾ་རྡོ་རྗེ་ཕག་མོ་སྦྱོར་ཆེན་འདོད་དབབང་མ་ལ་འདུད་ཧཱུཾ་ཧ྄ཱུཾ་ཕཊ། སྟོང་ཕྲག་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཁམས་གསུམ་པ་ཡི་ངོ་བོ་ཉིད། །བསྐལ་པའི་མེ་ལྟར་འབར་བའི་འོད། །རྡོ་རྗེ་རྣལ་འབྱོར་མ་ལ་འདུད། །ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀ་ནཱི་ཡེ། བཛྲ་ཝརྞ་ནཱི་ཡེ། བཛྲ་བཻ་རོ་ཙ་ནཱི་ཡེ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་དང༌། ཨོཾ་ཧྲཱིཿཧཱུཾ་སྭཱ་ཧཱ། ཉེ་སྙིང་ངོ༌། །ནཱ་རོ་མཁའ་སྤྱོད་སོགས་དམར་པོ་སྐོར་གསུམ་དུ་གྲགས་པ་ནི། ས་སྐྱའི་མཆོག་སྒྲུབ་པའི་གསེར་ཆོས་ཡིན་ལ། འདིའི་སྐོར་ལ་མཁའ་སྤྱོད་མའི་བེའུ་བུམ་རྒྱས་པ་བཞུགས་ཏེ་བཀའ་རྒྱ་ཅན་ཡིན། བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་ནས་རྡོ་རྗེ་རྣལ་འབྱོར་མ་དང༌། རྡོ་རྗེ་དྲིལ་བུ་པ་ནས་འཕམ་མཐིང་པ་སྐུ་མཆེད་བར་བརྒྱུད་ཅིང༌། གྲུབ་ཆེན་ནཱ་རོ་པའི་ཉེ་བརྒྱུད་སོགས་ཀྱང་ཡོད་ལ། བོད་དུ་མལ་ལོ་ཙཱ་པ་དང༌། ས་སྐྱ་གོང་མ་རིམ་བྱོན་གྱིས་སྤེལ་ཏེ་འཕྲིན་ལས་ཤིན་ཏུ་ཆེ། ནཱ་རོ་མཁའ་སྤྱོད་ནི། དཔལ་ལྡན་ས་སྐྱ་པའི་ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་གྱི་དང་པོ་སྟེ། གདམས་པའི་བརྒྱུད་པ་རྒྱལ་བ་རྡོ་རྗེ་འཆང༌། རྡོ་རྗེ་རྣལ་འབྱོར་མ། འཕམ་མཐིང་ངག་དབང་གྲགས་པའི་བར་བརྒྱུད་པ་རྒྱལ་ཅིང༌། དེ་ལ་གློག་སྐྱ་ཤེར་རབ་བརྩེགས་ཀྱིས་གསན་ཏེ། ས་སྐྱའི་ཕྱོགས་སུ་ཕེབས་ཤིང༌། རིམ་བཞིན་གྲུབ་མཐའ་ཀུན་ལ་ཁྱབ་དང༌། ཉེ་བརྒྱུད་རྡོ་རྗེ་མས་ནཱ་རོ་ཏ་པ་ལ་གནང་བའོ། །