34090
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་གཉིས་པ་ཆོས་རྒྱལ་བསོད་ནམས་མཆོག་ལྡན་ནི། རབ་བྱུང་བཅུ་གཅིག་པ། ༡༦༢༠ དང་༡༦༣༠ ཡས་མས་ལ་མཚན་དཔེའི་དཀྱིལ་འཁོར་སླར་ཡང་འཆར་ཞིང་། སྐུ་གོང་མའི་བླ་སློབ་རྣམས་ཀྱིས་གསེར་ཁྲིར་མངའ་གསོལ་ཞུས། སྐུ་ཡོན་རྣམས་ལ་ཚེགས་དེ་ཙམ་མི་དགོས་པར་མཁྱེན་པ་བྱུང་། ཐོས་པས་ནང་བྱན་ཆུབ་པས་ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁས་པར་བྱུང། བསམ་པས་ཐོས་དོན་ལ་སྒྲོ་འདོགས་བཅད་ཅིང་ཐེ་ཚོམ་ཅན་དང་ལོག་རྟོག་གི་རྒྱུད་ལ་ངེས་འབྱུང་དང་ཡང་དག་པའི་ལྟ་བ་གཏན་ལ་དབབ། སྒོམ་པས་དེ་དོན་ཐུགས་ཉམས་ལོན་པས་མཆོག་གི་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། དེ་ཡང་སྐུ་ཕྲེང་གསོལ་འདེབས་ནང། བསོད་ནམས་ཡེ་ཤེས་རྒྱ་མཚོའི་དཔལ་དང་ལྡན། །མཁས་དང་གྲུབ་པའི་ཡོན་ཏན་རྨད་དུ་བྱུང། །ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར། །བསོད་ནམས་མཆོག་ལྡན་ཞབས་ལ་གསོལ་བ་འདེབས། །ཞེས་འཁོད་པ་བཞིན། འཇིག་རྟེན་སྲིན་མོའི་གླིང་འདིར་བདེ་འབྱུང་གི་གོ་སྐབས་ནམ་ཡང་མེད་པར་གཟིགས་ཏེ། ཕྱི་སོ་ཐར་ནང་བྱང་སེམས་གསང་བ་རིག་པ་སྔགས་ཀྱི་སྡོམ་པས་བཙུན་ཞིང་མཁས་པའི་ཚད་དུ་ཕྱིན། སྙིང་པོ་དོན་གྱི་བརྒྱུད་པའི་རྣལ་འབྱོར་པ་ཆེན་པོ་བཀའ་བརྒྱུད་གོང་མའི་རྣམ་ཐར་བཞིན་སྐུ་ཚེ་གང་པོར་སྤྲོས་མེད་བསེ་རུའི་སྤྱོད་པ་ལ་གཞོལ་བ། རྩེ་ནའི་སྒྲུབ་ཕུག་དང་། ཀ་རིའི་སྒྲུབ་ཕུག སྤྱི་རིའི་སྒྲུབ་ཕུག་སོགས་ལ་བཞུགས་པ་མ་གཏོགས་དགོན་སྡེའི་ཚོགས་སྒྲུབས་ཀྱི་འདུ་འགོད་ལ་དེ་ཙམ་མི་ཕེབས་པའི་ལོ་རྒྱུས་བཅས། མཐར་དགོན་སྡེ་དེ་ཉིད་དུ་དགོངས་པ་ཞི་དབྱིངས་སུ་བསྡུས་ཚུལ་བཤད་དོ། ། |