34092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་དང་པོ་བསོད་ནམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་དང་པོ་བསོད་ནམས་རྒྱ་མཚོ་མཆོག་ནི། ཁམས་བྲག་གཡབ་ཀྱི་ས་ཆར་རབ་བྱུང་བཅུ་པའི་ས་སྦྲུལ་ཡས་མས་སུ་སྐུ་འཁྲུངས། ཁམས་སྤྲུལ་དང་པོ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་ཆེན་རྒྱ་མཚོ་རྣམ་དྲུག་གི་ཡ་གྱལ་ཡིན་ཞིང། མི་ཤིགས་རྡོ་རྗེའི་རྫོང་གི་སྒྲིགས་གནས་པ་ཡང་ཡིན། བླ་མས་འཁོར་འབྱེད་ཀྱི་སྐབས་སུ་ཕྱོགས་མེད་ཀྱི་ཡུལ་གྲུ་གང་སར། བྱར་མེད་ཀྱི་རྣལ་འབྱོར་ལ་རྟག་ཏུ་གཞོལ་ཅིང༌། གོ་འཇོའི་ཤར་ཕྱོགས་རེ་ཁེ་ཀརྨ་ཆོས་ཁྲིར་འགྲོ་དོན་བསྐྱངས་ཤིང་ལོ་ཤས་བཞུགས་རྗེས། མདོ་ཁམས་པའི་ཞལ་ལུང་དུ། འདི་ནས་ཉེ་རིང་མཚམས་པ་ཤར་གྱི་ཕྱོགས། །དྭངས་བསིལ་བདུད་རྩིའི་མཚོ་ལ་དུང་ཐོན་འདྲའི། །ངོ་མཚར་དཔལ་གྱི་རི་ལ་དགོན་སྡེ་ཐོབས། །ཞེས་པའི་གསུངས་དོན་གཉེར་བའི་ལུང་དང་སྟབས་འགྲིག་པ་ཤིན་ཏུ་མཐོ་བའི་དཔལ་ཡུལ་ལའི་རི་རྩེར་བྱོན་སྐབས། ནུབ་ཕྱོགས་ཀྱི་བྲག་རི་དཀར་པོ་མར་གི་བླ་མས་ལུང་བསྟན་པའི་སྒྲུབ་གནས་ཡིན་འདུག་པས། དེར་དགོན་སྡེ་འདེབས་དགོས་ཀྱི་འདུག་གསུངས་པས། ནུབ་དགོན་ཞེས་པའི་མིང་ཡང་དེ་ནས་ཆགས། གནས་དེར་ཕེབས་ལམ་དུ། དུད་ཚང་སྡེ། ལུང་པ་དགོན་འགྱུ། རི་སེར་མཐོ་བཅས་ཀྱི་མིང་བཀྲ་ལེགས་པས་དགོན་སྡེ་ཚུགས་པའི་རྟེན་འབྲེལ་བཟང་པོ་བྱུང་ཞིང༌། གནས་ཆེན་དོམ་ཚོང་རོང་ནས་རིམ་བཞིན་གུ་རུའི་སྒྲུབ་ཕུག་མཐོང་གྲོལ་ཆེན་མོའི་བཞུགས་གནས་ཇོ་མོ་བླ་རི་གྲགས་པའི་ཕྱག་རྒྱ་འདུད་དབྱིབས་ཀྱི་གནས་དེར་ཞབས་སོར་བཀོད། སྦས་གནས་དེའི་སྒྲུབ་ཕུག་རྣམས་སུ་བླ་སློབ་རྣམས་སྒྲུབ་པ་ཉམས་བཞེས་ལ་བརྩོན་བཞིན་བཞུགས་པས། འདུས་པའི་གྲངས་ཀྱང་འཕེལ་ནས། ནུབ་དགོན་སྨོན་ལམ་དཔལ་འབྱོར་གླིང་ཞེས་ཁམས་གོ་འཇོ་མགར་སྟོང་སྡེ་པའི་ཡུལ་དང་ཉེ་བའི་ཆར། གནས་མཆོག་དོམ་ཚང་རོང་དུ་ཆོས་སྡེ་ཚུགས། སྐུ་ཚེ་ཡང་རིང་ཙམ་བཞུགས་ཤིང༌། གཙོ་བོ་སྒྲུབ་པའི་ཉམས་བཞེས་ཁོ་ནར་མཛད། མཐར་གནས་དེ་ཉིད་དུ་སྐུ་གཤེགས་སོ། །