34093

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་དྲུག་པ་འཇམ་དཔལ་ཆོས་ཀྱི་རྒྱལ་པོ་ (1)
Part of speech མིང་ཚིག
Definition ནུབ་དགོན་ཆོས་རྒྱལ་སྐུ་ཕྲེང་དྲུག་པ་འཇམ་དཔལ་ཆོས་ཀྱི་རྒྱལ་པོ་མཆོག་ནི། བྲག་གཡབ་བྱམས་མདུན་ཁྲི་དཔོན་ཚང་སར། ཡབ་དབང་རྒྱལ་དང༌། ཡུམ་རིན་ཆེན་ལྷ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་བྱ་ ༡༨༦༠ ཡས་མས་སུ་སྐུ་འཁྲུངས། མཐུ་ཆེན་ཆོས་མགོན་དང་རྗེ་ཁམས་སྤྲུལ་བསྟན་པའི་ཉི་མ་ཡབ་སྲས་ཀྱིས་ངོས་འཛིན་གནང་ཞིང༌། གདན་སར་ཁྲི་གསོལ་མཛད། མདོ་ཁམས་དྲུག་པའི་མདུན་ནས། སྒྲུབ་ཐབས་སྐོར་ལྔ། འཕྲལ་དགོས་ཆོས་བཞི། རྗེས་གནང་ཉེར་གཉིས་སོགས་འབྲུག་ལུགས་ཀྱི་སྨིན་གྲོལ་དཔག་མེད་གསན། གཅུང་གཙང་སར་སྤྲུལ་སྐུས་བསྟན་རྩ་དགེ་འདུན་སྡེ་དར་སྤེལ་དགོས་པའི་ཞུ་ནན་ཕུལ་བས། རྗེ་བླ་མ་བསྟན་པའི་ཉི་མ་ལའང་དེ་ལུགས་ཞུས་ཏེ། གདན་ས་དེ་ཉིད་ཀྱི་གུ་རུའི་སྒྲུབ་ཕུག་མཐོང་བ་རང་གྲོལ་གྱི་འོག་ཏུ་གཙུག་ལག་ཁང་གྲྭ་ཤག་དང་བཅས་པ་གསར་དུ་བཞེངས། བར་སྐབས་ཤིག་ལ་དམ་ཆོས་སྤྲུལ་སྐུའི་ཡང་སྲིད་མཆོག་སྤྲུལ་ཀརྨ་ལྷ་རྒྱལ་དང་། ཅུང་ཟད་ཐུགས་མ་མཐུན་པའི་རྐྱེན་ལྟ་བུས། སྡེ་དགེར་ཕེབས་ནས་ལོ་གཅིག་ཙམ་བཞུགས་རིང༌། ཨ་འཛོམས་འབྲུག་སྤྲུལ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ལས། བཀའ་མའི་དབང་ལུང་དང་རྫོགས་ཆེན་གྱི་ཁྲིད་སྦྱོང་བཅས་གསན་ཞིང༌། ཕར་ལའང་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་གྱི་རྗེས་གནང་ཉེར་གཉིས་མའི་སྨིན་དབང་ཕུལ། སླར་རང་དགོན་དུ་བྱོན། གཙང་སྤྲུལ་རིན་པོ་ཆེས་མཆོག་སྤྲུལ་ཡབ་སྲས་རྣམ་གཉིས་བར་དམ་ཚིག་གཞི་མཐུན་མཛད་ཅིང་བཀའ་དྲིན་ཆེ་བ་བྱུང༌། གྲུབ་དབང་ཤཱཀྱ་ཤྲཱིའི་མདུན་ནས་བདེ་ཕག་གཉིས་ཀྱི་དབང་ཁྲིད་དང༌། ཁྱད་པར་འཕོ་བའི་ཟབ་ཁྲིད་གསན་སྦྱང་གནང་ནས་རྟགས་ཐོན་མཛད། མན་ངག་སྐོར་ལའང་དོགས་གཅོད་ཞུས་ཏེ། ཟླ་བ་གསུམ་བཞི་བཞུགས། གྲུབ་དབང་རིན་པོ་ཆེས་རྟགས་བབ་བཞིན། མཚམས་སྤྱིལ་གསར་དུ་བཅོས་ཏེ། གཙོ་བོར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་མཚམས་རྟགས་ཐོན་བར་ལོ་གསུམ་ཟླ་གསུམ་དུ་བཅད་རྒྱར་བཞུགས། སྐུ་མཚམས་གྲོལ་རྗེས་ཁམས་སྤྲུལ་བདུན་པ་གཤེགས་སྐབས་དང༌། བརྒྱད་པའི་ཁྲི་གསོལ་སྐབས་སོགས་ཁམས་སྒར་དུ་ཡང་ཡང་ཕེབས་ཤིང༌། དེར་མཐུ་ཆེན་ཆོས་མགོན་བརྒྱད་པ་མཆོག་གིས་རྡོར་ཕྲེང་དང་། སྒྲུབ་ཐབས་སྐོར་ལྔ་སོགས་རང་ལུགས་ཀྱི་སྨིན་དབང་རྒྱས་པར་གནང་བ་རྣམས། སྟབས་གཅིག་ཏུ་གསན། རྗེ་ཁམས་སྤྲུལ་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ་མཆོག་ལ་ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ་ཆ་ཚང་གི་ལུང་ཕུལ། རང་དགོན་དུའང་མི་ཕམ་བསྟན་པའི་ཉི་མའི་མདུན་ནས་ཇི་ལྟར་ནོད་པའི་འབྲུག་པ་བཀའ་བརྒྱུད་ཀྱི་དབང་ལུང་ཆ་ཚང་གནང་བའི་བཀའ་དྲིན་བསྐྱངས། མདོར་ན་སྐུ་ཚེ་གང་པོར་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་བར་མཛད ། འདིས་མཛད་པའི་དགེ་བསྙེན་ཆེན་པོ་ཇག་པ་མེ་ལེན་ལ་བརྟེན་ནས། ཤྭ་མོ་བརྟག་ཐབས་འཕྲུལ་བྲལ་ཤེལ་དཀར་མེ་ལོང་ཞེས་པ་དང༌། གཞན་ཡང་ཞལ་གདམས། མགུར་གླུ། ཆོག་སྒྲིག་སོགས་མང་ཙམ་བཞུགས་སྐད་ཀྱང་། ཤྭ་མོ་ཙམ་ལས་གཞན་ཕལ་ཆེར་ད་ལྟར་མི་སྣང༌། དེ་ལྟར་བསྟན་འགྲོའི་དོན་མཐར་ཕྱིན་ནས་དགུང་གྲངས་དགུ་བཅུ་ཡས་མས་ཙམ་ལ་ཞི་བར་གཤེགས་སྣང།