34096

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་ཆོས་རྒྱལ་ལྔ་པ་ཆོས་རྒྱལ་སྐལ་ལྡན་བློ་བཟང་ (1)
Part of speech མིང་ཚིག
Definition མདོ་ཁམས་ལྔ་པ་སྒྲུབ་བརྒྱུད་ཉི་མའི་ཞལ་སློབ་ཡིན་འདུག་པས། (སྒྲུབ་བརྒྱུད་ཉི་མ་རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ ༡༧༨༡ ལོར་འཁྲུངས། ) དེའི་ཡས་མས་སུ་སྐུ་འཁྲུངས་པ་ཡིན་ཚོད་འདུག ངེས་བརྟན་གྱི་ཡིག་ངག་མ་རྙེད། གྲུབ་པའི་རྣལ་འབྱོར་ཆེན་པོ་ཞིག་ནི་ཡོད་པར་བཤད། མདོ་ཁམས་སྒྲུབ་བརྒྱུད་ཉི་མས་ཀྱང་། ནུབ་དགོན་ཆོས་རྒྱལ་ཁྱེད་ད་ལྟ་བྲག་རི་སེང་གེ་འདྲ་བའི་འགྲམ་ངོགས་ལྟ་བུ་ལ་བཞུགས་འདུག་པས། དེ་ན་མི་ལེགས་པ་འདྲ། བར་ཆད་ཀྱི་ངོ་ཆེན་པོ་འདུག་པས། སེང་གེའི་ཐོད་སྟེང་དུ་སྐུ་མཚམས་སུ་བཞུགས་ན་དགེ་སྦྱོར་ལ་བོག་ཆེ་ཞིང་བར་ཆད་ཀྱང་ཉུང་བ་འདུག་པས། དེར་བཞུགས་གྲུབ་མཛོད་ཅེས་གསུང་བྲིས་འབྱོར་བ་དེ་དང་། སྤྱིར་འཇིག་རྟེན་གྱི་བསླུ་ཆོས་ཀུན་ལ་ཡིད་འབྱུང་སྟེ། སྤྲོས་མེད་བསླབ་པ་གསུམ་གྱི་ཉམས་ལེན་ལ་གཅིག་ཏུ་གཞོལ་བས། བཀའ་བརྒྱུད་གོང་མའི་རྣམ་ཐར་ཇི་བཞིན་དུ་མི་མེད་དབེན་གནས། དགོན་འདིའི་རྒྱབ་རིའི་ལུང་འགྱུ། སྤྱི་རི་ཀུན་བཟང་དབེན་ཁྲོད་གོང་མའི་བཞུགས་ཤུལ་དུ། རྗེ་ཉིད་ཀྱི་གསུང་མགུར་དུ། དགེ་སྦྱོར་སྤྱི༵་བརྟོལ་བསྐྱེད་པ་རི༵་བྲག་གི་ཕུག་ཏུ། །རང་སེམས་མི་དགེས་དབེན་པ་ཀུན༵་བཟང༵་གི་ནགས༵་ཁྲོད༵། །སངས་རྒྱས་དངོས་བྱོན་དྲིན་ཆེན་སྒྲུབ་བརྒྱུད་ཀྱི་ཉི་མར། །དུང་ངེའི་བློ་ཡི་མཆི་མ་དབང་མེད་དུ་བབས་འདུག། །ཅེས་གསུངས་པ་ལྟར། ཀུན་མཁྱེན་མདོ་ཁམས་པ་སྒྲུབ་བརྒྱུད་ཉི་མ་རིགས་ཀྱི་ཅོད་པན་དུ་བསྙེན་ཅིང་། མི་རྒོད་ལོ་གསུམ་གྱི་མཛད་རྣམ་ལྷུར་བཞེས་ཐོག་ད་ལྟ་སྒྲུབ་ཕུག་གི་མདུན་ངོས་ཀྱི་སླས་ར་དེ་ལ། ཆོས་ར་མ་ཞེས་དང་། ལུང་ཕར་ཕྱོགས་ཀྱི་གདོང་དེ་ལ་མཚམས་ཐོའི་མལ། ས་ཐོ་དང་། སྒྲུབ་ཕུག་གི་གོང་ལ་བྲག་རི་དམར་པོ་དེ་ཇག་མེའི་རྟེན་མཁར་དང་། སྒྲུབ་ཕུག་གི་སྒོར་རྒྱ་བོང་ཆུང་ཆུང་ཞིག་ནང་གཟིམ་མལ་མཛད་པ་དང་། ཤི་གསོན་གང་གི་སྐྱབས་སྨོན་ཞུ་དགོས་ན་མཚམས་གཡོག་པའི་བརྡ་ལ་བརྟེན་ནས་བཀའ་མོལ་ཞུ་བ་ལས་སྐུ་ཚེ་གང་པོར་ཞལ་མཇལ་དང་གསུང་ཐོས་མང་པོ་མེད་པའི་ལོ་རྒྱུས་འདུག སྐུ་ཕྲེང་གསོལ་འདེབས་ནང་། དགེ་བའི་བཤེས་རྣམས་མཉེས་པ་གསུམ་གྱིས་བསྟེན། །ངེས་དོན་ཕྱག་རྫོགས་དགོངས་པ་མངོན་དུ་གྱུར། །ཟབ་གསང་ཆོས་ཀྱིས་སྐལ་ལྡན་སྨིན་མཛད་པ། །ཆོས་རྒྱལ་སྐལ་ལྡན་བློ་བཟང་གསོལ་བ་འདེབས། །ཞེས་པ་མདོར་ན་སྐུ་ཚེ་དེ་ཉིད་ལ་ཉམས་ལེན་ཁོ་ནར་འབད་ཅིང་དགོན་པ་རྒྱ་བསྐྱེད་དང་འཇིག་རྟེན་འདུ་འགོད། ཆོས་བརྒྱད་ཀྱི་ཡོ་ལང་སོགས་དབྱུང་ནས། མཐར་བཞུགས་གནས་དེ་ཉིད་དུ་དགོངས་པ་རྫོགས་སམ་སྙམ།