34098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནུབ་དགོན་མཁན་ལེགས་བཤད་ཆོས་དར་ (1)
Part of speech མིང་ཚིག
Definition ཁམས་གོ་འཇོ་གླན་ཆུང་སེ་རྭ་གྲོང་ཆོས་རོལ་ཚང་སར། ཡབ་པདྨ་མཁའ་འགྲོ་དང་། ཡུམ་ཨ་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་གླང་ ༡༩༢༡ ལོར་སྐུ་བལྟམས། མཚན་ལ་ཚེ་དབང་ནོར་བུ་བཏགས། སྐུ་མཆེད་རྒན་པ་གཉིས་ལ་བུ་ཚེ་རིང་དང་། ལྷ་རྒྱལ། ཆུང་བ་ལ་དཀོན་མཆོག་ཟེར། གཏེར་སྲས་འཆི་མེད་ཀྱི་མདུན་ནས་དགེ་ཚུལ་དང་། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མདུན་ནས་དགེ་སློང་སྒྲུབ་པ་ཡིན་ནམ་སྙམ། རྫོང་གསར་ནས་སློབ་གཉེར་མཐར་ཕྱིན་པ་དང་། མཁན་མིང་ལ་ལེགས་བཤད་ཟེར་འདུག དེ་ནས་ཁམས་པ་སྒར་ལ་མཁན་སྤྲུལ་མང་པོ་ལ་དཔེ་ཁྲིད་གནང་། བཤད་སྲོལ་ལྟར་ན་ཁམས་སྤྲུལ་རིན་པོ་ཆེ་དང་། ཁྲི་མཐོ་དམའ་མི་འདུག་པས་རང་ངོས་ནས་འབོལ་གདན་གཅིག་ཚུར་འཐེན་བཅུག་ཡོད་གསུང་། རག་སྤྲུལ་རིན་པོ་ཆེ་ལས་སྙིང་ཐིག་གི་གདམ་ངག་ཞུས་འདུག་ལ། དགོང་མོ་གཅིག་ལ་ནམ་རྒྱུན་དང་མི་འདྲ་བ་གཉིད་ཀྱང་མི་ཁུག་ལ་བླ་མའི་སྐུ་མདུན་དུ་འགྲོ་སྙིང་འདོད་པ་ཞིག་བྱུང་བས། ཞོགས་པ་སྔ་པོ་ནས་འགྲོ་སྐབས་བླ་མའི་གཟིམ་ཁང་སྒོ་མདུན་དུ་ཞབས་ཕྱི་ཡིས་སྒུག་འདུག་ལ། བླ་མས་ཀྱང་ནམ་རྒྱུན་དང་མི་འདྲ་བར་གཟིམས་མ་ཁུག་ནས་ཞབས་ཕྱི་ལ་སྒུག་བཅུག་འདུག བླ་མ་མཇལ་བའི་སྐབས་ནམ་རྒྱུན་དང་མི་འདྲ་བ་བླ་མས་སྐུ་སྨད་ལ་དཀྲི་བའི་ན་བཟའ་རང་ལ་བཏིང་འདུག་ཀྱང་རང་ཉིད་བསྡད་མ་ཕོད། རྗེས་མ་བསམ་ན་རྟེན་འབྲེལ་གྱི་ཁྱད་དུ་བསྡད་དགོས་འདུག་དྲན་བྱུང་། ནམ་རྒྱུན་དང་མི་འདྲ་བ་བླ་མས་མར་གསུང་རྒྱུ་མེད་པ་དང་། རང་ནས་ཡར་ཞུ་རྒྱུ་མེད་པར་དར་ཅིག་ལུས་འདུག ཚེ་རབས་ལས་ཀྱི་བླ་མ་ཡིན་རྒྱུ་རེད་དྲན་བྱུང་། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་ཁམས་སྤྲུལ་རིན་པོ་ཆེ་ལ་སོགས་ལས་དམ་ཆོས་ཟབ་མོ་ཞུས་ཡོད་ཚོད་འདུག དེ་ནས་ནུབ་དགོན་དུ་རྒྱུན་བཞུགས་གནང་འདུག་ལ་གཟིམ་ཁང་ལས་ཁུལ་དུ་ཆུ་དཀོན་པོ་ཡིན་དུས་གཡོན་ངོས་ཀྱི་མར་ཙམ་དུ་ཀླུ་སྨན་སོགས་བཏབ་ནས་ཆུ་གཏེར་ལེན་འདུག་པས་དུས་ད་ལྟ་ཀྱང་མཁན་པོ་ཆུ་མགོ་ཟེར་མཇལ་རྒྱུ་ཡོད། བར་སྐབས་གཅིག་ལ་ཆོས་ཞུ་འགྲོ་བའི་ལམ་བར་དུ་ཇག་པས་ཅ་དངོས་རྣམས་འཕྲོག་འདུག་ཀྱང་དེའི་དགོང་མོ་གཟིམ་ལམ་ཡག་པོ་ཞིག་རྨིས་འདུག་ལ་ཅ་དངོས་རྣམས་སང་ཉིན་ཡུལ་དེའི་འགོ་གཙོས་ཇག་པའི་ལག་ནས་ཚུར་ལེན་ནས་ཅ་དངོས་རྣམས་ཆད་ལུས་མེད་པར་དོ་བདག་ལ་སྤྲད་འདུག རྗེས་མ་བཤད་དུས་ནུབ་དགོན་གྱི་དགོན་ཁང་ནང་ནས་སྲུང་མ་རྣམས་ཀྱི་ནམ་རྒྱུན་མི་འདྲ་བ་དེའི་དགོང་མོ་ཕྱི་ལ་ཐོན་པ་འདྲ་པོ་སྐད་རྒྱབ་འདུག་ཟེར། རྗེས་ལ་དུས་ངན་གྱི་རྐྱེན་པས་ཕ་ཁྱིམ་དུ་ལོ་ཤས་བཞུགས་ཅིང་དུས་བདེར་ཅུང་ཕྱིན་ནས་གོང་ན་པན་ཆེན་སོགས་ཆོས་ཞུ་མང་པོ་ཡོང་བར་བཤད། འཕགས་ཡུལ་དུ་བཤད་གྲྭ་གསར་འཛུགས་བྱེད་སྐབས་མཁན་པོ་ལ་ཕེབས་དགོས་བསྐོར་གསུངས་པའི་ཡི་གེ་ཀྱང་མཐོང་བྱུང་། ཕྱི་ལོ་༡༩༨༤ བོད་ཟླ་གསུམ་པ་ནང་ཞིང་ཁམས་གཞན་དུ་གཤེགས་འདུག