34099
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ནུབ་དགོན་ཀར་རྒྱལ་སྤྲུལ་སྐུའམ་ངག་དབང་རང་གྲོལ་ཡེ་ཤེས་ཉི་མ་མཆོག་ནི། མདོ་ཁམས་དྲུག་པ་དང་བདུན་པ་བརྒྱད་པ་བཅས་སྐུ་ཕྲེང་གསུམ་ཀའི་ཞལ་སློབ་དུ་བཞུགས་པ། ཁམས་གོ་འཇོ་མདའ་པ་ཚེ་རབས་འབོས་པོ། གནང་མོ་ཚང་སར་ཡབ་གནང་ཕ་དང་། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ལ་སྲས་གཅེན་གཅུང་དྲུག་ཡོད་པའི་དང་པོ་ཉིད་དུ། ཆུ་སྤྲེལ་ ༡༨༧༢ ལོར་སྐུ་འཁྲུངས། མདོ་ཁམས་དྲུག་པའི་ཞལ་ལུང་བཞིན་ཁྲི་སྟོན་སོགས་རྒྱས་པར་བསྟར། སྐུ་ཡོན་སོགས་ཉིད་ཀྱི་ཁུ་བོ་གནང་མོ་བླ་རྒན་ནས་ཕུལ་ཅིང་ཐུགས་རིག་གསལ་ལ་གཞན་དང་མི་འདྲ་བའི་ལྐོག་གྱུར་སོགས་དགོང་ལོ་གཉིས་གསུམ་ནས་ཤར་མར་གསུངས་པ་གཞན་སེམས་མཁྱེན་པ་སོགས་ཡོད་པར་གསུངས། ཁུ་བོ་སྐལ་བཀྲ་བླ་མ། སྡེ་དགེར་མཁན་ཆེན་གཞན་དགའ་སོགས་ཀྱི་མདུན་ནས། དཔེ་ཆ་གསན་བསམ་མཛད་པས་མཁས་བཙུན་བཟང་པོའི་ཚད་དུ་ཕྱིན། ཕྱིས་སུ་བསམ་འགྲུབ་གྲོང་པའི་ཕུར། རི་ཁྲོད་ལྟ་བུའི་སློབ་མ་གཉེར་ཞིང་རིམ་གྱིས་བཤད་གྲྭའི་ཆོས་གྲྭ་བཙུགས། ཁུ་བོས་སྡེ་དགེར་ཕེབས་དགོས་པའི་བཀའ་བསྐུལ་གནང་ཡང་། དགོན་པས་མ་མངགས། ཕྱིས་སུ་བཀྱོན་པ་ཡང་ཡང་གསུང་གནང་། གྲུབ་དབང་ཤཱཀྱ་ཤྲིའི་མདུན་ནས། ཆོས་དྲུག་གཙོས་པའི་ཉམས་ལེན་གནད་དཀྲོལ་སོགས་ཞུས། འབྲུ་འཇམ་གྲགས་ཀྱི་མདུན་ནས་གཅོད་ཁྲིད་ཉམས་སྦྲག་ཞུས་སྐབས་རྟགས་ཡོན་བསམ་གྱིས་མི་ཁྱབ་པར་གཟིགས་ནས། གཅོད་ཀྱི་གྲུབ་ཐོབ་ཆེན་པོར་གྱུར། ཁམས་སྒར་སྒྲུབ་སྡེར་བསྙེན་སྒྲུབ་ལོ་ལྔ་དྲུག་ཙམ་ལ་བཅད་རྒྱ་མཛད། དགོན་པར་འཁོར་ལོ་གསུམ་གྱི་མཛད་ཕྲིན་ཤིན་ཏུ་ཆེ། གོ་བྲག་ཡོངས་ལ་དད་འདུན་ཅན་གྱི་མི་ཚོགས་ཤིན་ཏུ་མང་། ཆོས་སྐྱོང་དངོས་སུ་བཀོལ་ཞིང་ལྐོག་གྱུར་མངོན་དུ་གཟིགས་པ་སོགས་རྟགས་མཚན་མང་། ཕྱི་ལོ་ ༡༩༥༧ ལོར། བོད་སྤྱི་ཡོངས་ལ་རྒྱ་དམར་གྱི་རྙོག་དྲ་ཆེ་རུ་ཕྱིན་ནས། བོད་མའི་སེམས་ལ་སྐྱིད་སྣང་དང་བདེ་འཇགས་སྐད་ཅིག་ཙམ་ཡང་མེད་པའི་སྐབས་སུ། ༡༩༥༨ ལོར་ཁམས་སྤྲུལ་བརྒྱད་པ་གསང་སྟབས་ཀྱིས་ཕེབས་པ་གསན་འཕྲལ་ཐུགས་ཤིན་ཏུ་སྐྱོ་ཚུལ་དང་བཅས། ཕྱི་ལོ་ ༡༩༥༨ བོད་ཟླ་ ༩ པའི་ཚེས་ ༢༢ གྱི་ཞོགས་པ་རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་ཉིན་མོའི་ཞོགས་པར་སྐུ་དྲང་པོར་བསྲངས་ཕྱག་སྙིང་གར་ཐལ་མོ་སྦྱར་ནས་གཟུགས་སྐུ་བསྡུས། རྗེས་ཀྱི་དགོངས་རྫོགས་སོགས་བླ་སློབ་ཡོངས་ཀྱིས་ཞུས་གནང་འདུག |