34198

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནེ་རིང་བ་བདེ་ལེགས་རྒྱལ་མཚན་ (1)
Part of speech མིང་ཚིག
Definition ཁོང་གི་ཡབ། གྲུབ་པ་ཞིག་པོའི་དབོན་ཉི་མ་རྒྱལ་མཚན་གྱི་སྲས་སུ། རབ་བྱུང་བཞི་པའི་ཤིང་བྱ་ ༡༢༢༥ ལོར་འཁྲུངས། ཉེར་གཉིས་ནས་རྗེ་རྒོད་ཚང་པ་ལ་གདམས་པ་གསན་ཞིང་སྒྲུབ་པ་མཛད། རྫེ་རྒོད་ཚང་པ་གཤེགས་པའི་ཕྱི་ལོ་ས་མོ་ལུག་ལ་ནེ་རིངས་དགོན་པ་བཏབ། དེ་ནས་ལོ་ངོ་ཉེར་གསུམ་བར་ཕལ་ཆེར་སྐུ་མཚམས་རང་ལ་བཞུགས་པས། ནེ་རིངས་ཆོས་རྗེ་སྦས་པས་ཆེ་ཟེར། གྲུབ་པ་བརྙེས། འཕགས་པ་རིན་པོ་ཆེ་རྒྱ་འཁོར་ནས་བྱང་ལམ་དུ་ཕེབས་དུས་བོད་བྱིངས་བསུ་བ་ལ་བྱོན། ཁོང་མ་བྱོན་པར་ཆོས་རྗེ་ཤཱཀྱ་དཔལ་བརྫངས། ཤིན་ཏུ་གྲང། ལྷག་པར་ཁ་བ་ཆེན་པོ་ཞིག་བྱུང་བས་ཐམས་ཅད་འོ་བརྒྱལ། ཁོང་དཔོན་སློབ་ཅོག་པུ་མཛད། ན་བཟའ་བསྲབས་པ་འཕགས་པས་ལྟར་གནང་བས། ཅོག་པུའི་མཐའ་སྐོར་ཐག་ཞགས་ཙམ་གྱི་ཁ་བ་ཞུ་ནས་སྣུམ་རུག་གེ་བྱུང་། དེས་འཕགས་པ་དགྱེས་ནས། ཆེ་བསྟོད་དུ་གངས་ཅན་ཤཱཀྱའི་དཔལ་དུ་བཏགས། འདི་གནས་རྙིང་པའི་ཞལ་ངོ་ཡིན། ཁོང་གི་རྗེས་སུ་ཆོས་རྗེ་ཀུན་དགའ་དཔལ་ལའང་གངས་ཅན་ཀུན་དགའ་དཔལ་ཞེས་ཟེར། ཁོང་དང་མཚན་མཐུན་པ་མོན་རྩེ་བའི་སློབ་མ་ཀུན་དགའ་དཔལ་ལའང་གངས་ཅན་ཀུན་དགའ་དཔལ་ཟེར་བ་བྱུང། དེ་དུས་གནས་རྙིང་སྟོད་འབྲུག་ཏུ་ཡོད་ཟེར་། ནེ་རིངས་པ་རང་གི་དབོན་རྒྱུད་ཀྱང་ལེགས་པར་བྱུང་བས། ཙ་རི། ཏི་སེ་སོགས་འཛིན་པ་ལ་དོ་གལ་ཆེ་བར་མཛད་པ་ཡིན་ནོ། །ཆོས་རྗེ་རྒོད་ཚང་པའི་རང་མཉམ་གྱི་ཞལ་སློབ་བཞི་ཡི་ནང་ནས། མོས་གུས་རང་དང་མཉམ་པར་གསུངས་པའི་ཞལ་སློབ་ཡིན། དགུང་ལོ་ང་བདུན་པ་ལྕགས་སྦྲུལ་ ༡༢༨༡ ལོར་གཤེགས། མཻ་ཏྲི་པ་དང་ལྕོག་རོ་སྨྱོན་པའི་སྐྱེ་བ་ཡིན་པར་བཞེད་དོ། །