34294

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་ཁོག་དགོན་ (1)
Part of speech མིང་ཚིག
Definition ཉག་སྨད་ལྕགས་མདུན་ནོར་ཁོག་དགོན་ནི། ལྕགས་མདུད་བསོད་ནམས་མགོན་པོ་ནོར་ཁོག་ཏུ་བྱོན་ནས་རི་ནུབ་འབྲུག་མོ་རྫོང་ལ་དཔེ་བྱས་ནས་རྡོ་གཏེར་མཁར་བཞེངས། རབ་བྱུང་བཅུ་གསུམ་པའི་ནང་རྡོ་མཁར་ཉམས་གསོ་བྱས། འདི་ནི་ནོར་ཁོག་དགོན་རྙིང་ངོ་། རྒྱ་ཚང་བླ་མ་ཤེས་རབ་རྒྱལ་མཚན་གྱིས་རབ་བྱུང་བཅོ་ལྔ་པའི་ཤིང་གླང་ལོར་དགོན་གསར་བཏབ། ཨོ་རྒྱན་ངོ་མཚར་བསམ་གཏན་ཆོས་གླིང་ཞེས་མཚན་གསོལ། དགོན་པ་འདི་གྲུབ་མཐའ་རྙིང་མ་ཡིན་ལ་ཆོས་བརྒྱུད་ཀཿཐོག་པའོ། །དགོན་འདི་ཌཱཀྐི་དྲུག་བསྟོད་དགོན་པའི་དགོན་ལག་ཡིན། དགོན་འདིའི་གདན་རབས་དང་མཁན་རབས་ནི། དབོན་པོ་ཚུལ་ཁྲིམས་རྒྱ་མཚོ། མཁན་ཆེན་ཤེས་རབ་སེང་གེ མཆོག་སྤྲུལ་བློ་འཕེལ། ཨ་གཙུག་བླ་མ་གྲུབ་ཐོབ། མཆོག་སྤྲུལ་བློ་འཕེལ་གྱི་སྐུ་ཚབ་མཁན་ཨ་ཁྱི། མཁན་ཨ་རི། སྨར་ཁམས་སྤྲུལ་སྐུ་འཇམ་དཔལ་རྡོ་རྗེ། དབོན་པོ་བསོད་ནམས་ཚེ་རིང་། འགྱུར་མེད་གཞན་ཕན་ཚུལ་ཁྲིམས་བློ་གྲོས་རྣམས་ཡིན། དགོན་འདིར་དབོན་པོ་ཚུལ་ཁྲིམས་རྒྱ་མཚོའི་གསུང་འབུམ་དང་ཟངས་གསེར་ལས་གྲུབ་པའི་འོད་དཔག་མེད་ཀྱི་སྐུ་འདྲ་སོགས་ཡོད། དུས་མཆོད་དང་སྒྲུབ་མཆོད་ནི་བོད་ཟླ་ལྔ་པའི་ནང་བདེ་ཆེན་ཞིང་སྒྲུབ། དྲུག་པའི་ནང་དབྱར་གནས་ཞག་ལྔ་བཅུ། དྲུག་པའི་ནང་ཀཿཐོག་ལུགས་ལྟར་གར་འཆམ་བཅས་ཡོད། ཟླ་བཅུ་གཉིས་ནང་བཀའ་བརྒྱད་བདེ་གཤེགས་ཡོངས་འདུས། ཡེ་ཤེས་རབ་འབར། བདུད་ཕུར་སོགས། ཀཿཐོག་པའི་ལུགས་ལྟར་གར་འཆམ་བཅས་ཡོད་ཀྱང་དུས་འགྱུར་སྐབས་སུ་གཏོར་བཅོམ་ཐེབས། ད་ལྟ་གཙུག་ལག་ཁང་རྙིང་པ་ཉམས་གསོ་བྱས། གཙུག་ལག་ཁང་འདིའི་ནང་རྟེན་གཙོ་བོ་དུས་གསུམ་སངས་རྒྱས་དང་། གུ་རུ། སྒྲོལ་མ། ཐོས་གྲོལ་ཞི་དྲག་ཐང་ལྡེབ་གཉིས་དང་། བླ་བརྒྱུད་དང་སྲུང་མའི་ཐང་ལྡེབ་གཅིག བདུད་ཕུར་ལྷ་འཁོར་ཆ་ཚང་ཐང་ལྡེབ་གཅིག གུ་རུ་མཚན་བརྒྱད་ཐང་ལྡེབ་གཅིག གནས་བརྟན་བཅུ་དྲུག་སོགས་ཡོད། ད་ལྟ་དགེ་འདུན་པའི་ཞལ་གྲངས་ཞེ་བརྒྱད་ཡོད།