34358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ནོར་བུ་རིན་པོ་ཆེའི་ཕྱག་རྒྱ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། བདེ་བར་གཤེགས་པ་སྟེ་ཚོགས་གཉིས་ཀྱི་ལམ་བདེ་བ་ནས་འབྲས་བུ་སྐུ་བཞིར་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལ། འཁོར་ལོས་སྒྱུར་རྒྱལ་གྱི་ནོར་བུ་རིན་པོ་ཆེ་ནི་ཐམས་ཅད་དུ་སྔོ་བ་བཻ་ཌཱུརྻའི་རང་བཞིན་ཟུར་བརྒྱད་དུ་འདུག་པ་མཚན་མོ་མུན་ནག་གི་ནང་དུ་ནོར་བུ་དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཞག་སྟེ། སྐྱེ་བོ་བལྟ་བའི་ཕྱིར་སོང་ན་དཔག་ཚད་ཁོར་ཡུག་ཏུ་སྣང་བས་གསལ་བར་འགྱུར་རོ། །ནོར་བུའི་ཉེ་འཁོར་དུ་གནས་པའི་མི་དག་ཀྱང་སྣང་བ་དེས་གསལ་བར་འགྱུར་པ་དང་། གཅིག་གིས་གཅིག་མཐོང་གཅིག་གིས་ཤེས་ནས་འདི་སྐད་སྨྲ་སྟེ། བཞིན་བཟང་དག་ལོངས་ཤིག ལས་མཐའ་དག་བྱས་ཤིག ཚོང་དུས་དག་ཁྲོམས་ཤིག ཉི་མ་ཤར་ཏེ་ཉིན་མོར་ཤེས་སོ། །ཞེས་པ་ཕུལ་བས་ཕོངས་པ་སེལ་ཞིང་འབྱོར་བ་དང་ལྡན་པ་བཞིན་སེམས་ཅན་ཐམས་ཅད་བཀྲེན་ཞིང་ཕོངས་པའི་སྡུག་བསྔལ་གྱི་རྒྱུན་བཅད་དེ་ཆོས་དང་ཟང་ཟིང་གི་འབྱོར་བ་ཕུན་སུམ་ཚོགས་པར་ཤོག་ཅིག་ཅེས་པའོ། །སྔགས་དོན་ནི་ནོར་བུའོ། །ཁུ་ཚུར་གཉིས་སྦྱར་བའི་མཛུབ་མོ་རྩེ་སྤྲད་པའི་ཚིགས་བཅག་ལ་མཐེ་བོང་སྦྱར་བ་ནོར་བུའི་ཕྱག་རྒྱའོ། །ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།