34585
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་ཤིང་ལུག་ཕྱི་ལོ་ ༡༠༥༥ ལོར་འཕན་ཡུལ་པ་ཚབ་སྟོད་ལུང་དུ་འཁྲུངས། འདས་ལོ་མི་གསལ། ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རྣམས་བཞེས། འདུལ་གཞུང་སོགས་ལ་སྦྱངས། ཁ་ཆེའི་ཡུལ་ནས་སཛྫ་ནའི་སྲས་གཉིས་གཙོས་པཎ་གྲུབ་མང་པོ་བསྟེན། ལོ་ཉེར་གསུམ་རིང་སློབ་གཉེར་མཛད། བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར། བོད་ཡུལ་དུ་ཕེབས་ནས་སྤུ་ཧྲེངས་པའི་དགེ་འདུན་སྤྱིས་ཞུས་ངོར་མཛོད་འགྲེལ་བསྒྱུར། འཕན་ཡུལ་དུ་ཕེབས་ཚེ་དགེ་བཤེས་ཤ་ར་བས་གྲྭ་པ་མང་པོ་དབུ་མ་སློབ་ཏུ་བཏང་། འཕན་ཡུལ་དུ་དབུ་མའི་འཆད་ཉན་འགོ་ཚུགས། སློབ་མ་གྲགས་ཆེ་བ་ནི་གཙང་པ་སར་སྤོས་དང་། རྨ་བྱ་བྱང་ཆུབ་ཡེ་ཤེས། དར་ཡོན་ཏན་གྲགས། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་བཅས་ཡིན། བསྒྱུར་རྩོམ་ནི་བཀའ་འགྱུར་ལས་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་འཆི་མེད་རྔ་སྒྲའི་གཟུངས་དང་། བསྟན་འགྱུར་ལས་བསམ་གྱིས་མི་ཁྱབ་པར་བསྟོད་པ། རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ལྷ་མོ་དམ་ཚིག་སྒྲོལ་མའི་བསྟོད་པ། དཔལ་གསང་བ་འདུས་པའི་རྫོགས་རིམ་མཐར་ཕྱིན་པ། འདུས་པའི་སྒྲུབ་ཐབས་རྣམ་པར་བཞག་པའི་རིམ་པ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་བ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་བའི་རྒྱ་ཆེར་འགྲེལ་བ། རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ། རྣལ་འབྱོར་སྤྱོད་པ་བསྟན་བཅོས་བཞི་བརྒྱ་བ་ཚིག་ལེའུར་བྱས་པ། དབུ་མ་རྩ་བའི་འགྲེལ་ཚིག་གསལ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོན་པས་བདེན་པ། དབུ་མ་ལ་འཇུག་པ། དབུ་མ་ལ་འཇུག་པའི་བཤད་པ་བམ་པོ་བཅུ་གཅིག་དང་བམ་པོ་སུམ་གཉིས་པ། མདོ་ཀུན་ལས་བཏུས་པ་ཆེན་པོ། ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་བ། འཇིག་རྟེན་ཕ་རོལ་གྲུབ་པ་བཅས་ཆོས་ཚན་སོ་གསུམ་བཞུགས། |