34587
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དང་པོའི་མེ་སྦྲུལ་ཕྱི་ལོ་ ༡༠༧༧ ལོར་འཕན་ཡུལ་སྨད་ཀྱི་གཡུང་པོ་རྟར་ཡབ་པ་ཚབ་སྟོན་འབུམ་གྲགས་དང་། ཡུམ་གཡས་མོ་དཔལ་འདྲེན་གཉིས་ཀྱི་སྲས་སུ་འཁྲུངས། བཅུ་གཉིས་པར་རེབ་གོང་གནས་ཆུང་དུ་སྒྲོ་ཆུང་བ་ལས་རབ་ཏུ་བྱུང་། གཡས་འདུལ་འཛིན་ལས་འདུལ་བ་རྣམས་བསླབས། བཅུ་དགུ་པར་གཡས་འདུལ་འཛིན་སོགས་ལས་བསྙེན་པར་རྫོགས། པོ་ཏོ་བ་ལས་བཀའ་གདམས་ཀྱི་ལམ་རིམ་དང་། སྟོད་ལུང་རྒྱ་དམར་ལས་དབུ་ཚད་འགྲེལ་ཆུང་། པ་ཚབ་ཉི་མ་གྲགས་ལས་བྱམས་ཆོས་སྡེ་ལྔ། འབྲོམ་བྱང་ཆུབ་སེམས་དཔའ་ལས་མངོན་པ་གོང་མ། ཡོང་གེ་དབང་ཕྱུག་གྲགས་ལས་ཟངས་དཀར་ལུགས་ཀྱི་བདེ་མཆོག་བཅས་གསན། སྐམ་ཡེ་ཤེས་རྒྱལ་མཚན་ལས་ཤེར་ཕྱིན་དང་། བྱང་ཆུབ་སེམས་དཔའ་ཀུན་དགའ་ལས་གསང་སྔགས་ཀྱི་དབང་ཆེན་དང་། ལམ་ལྔ། ནག་ཁྲིད་བཅས་གསན། ཉམས་རྟོགས་ལེགས་པར་འཁྲུངས། ཕ་ཡུལ་གནས་ཆུང་དུ་ལོ་ངོ་བཅུ་གསུམ་བར་དུ་སྒྲུབ་པ་མཛད། འཆད་ཉན་དང་། སྒོམ་སྒྲུབ་ཀྱིས་བསྟན་འགྲོའི་དོན་མཛད། གྱ་གཉིས་པ་རབ་བྱུང་གསུམ་པའི་ས་སྟག་ཕྱི་ལོ་ ༡༡༥༨ ལོར་སྐུ་གཤེགས། ཚིག་བརྒྱུད་སྦས་པའི་བླ་མ་རྣམ་གསུམ་ལས་བླ་མ་གཉིས་པ་ཡིན། སློབ་མ་གྲགས་ཆེ་བ་ནི་རྒྱལ་བ་ཏེན་ནེ་དང་། བྱང་པ་བོན་སྒོམ། པ་ཚབ་སྒོམ་ནག བུ་ཤོང་སྒོམ་པ། ཆུ་མིག་རྒྱ་གྲགས་པ། ཐང་སག་སྟོན་ཚུལ། ཞང་གཡུ་སྒོ་ལྷ་ཁང་པ། རྔོག་གེ་སེར། འབྲོ་སྒོམ་བསོད་ནམས་བྱང་ཆུབ། གཤེན་སྒོམ་རེ་ཐུལ་ཅན། ཨུ་རྒྱན་རས་པ་བཅས་ཡིན། |