34934
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། དགེ་ལུགས། རང་རྒྱུད་པ། རྣམ་བཤད་སྙིང་པོ་རྒྱན་གྱི་དོན་རིགས་ལམ་བཞིན་དུ་གསལ་བར་འཆད་པའི་ཡུམ་དོན་ཡང་གསལ་སྒྲོན་མེའམ་ཕར་ཕྱིན་མཐའ་དཔྱོད་ཅེས་བྱ་བ་འདི། དགའ་ལྡན་ཁྲི་ཆེན་བཅོ་ལྔ་པ་རྩོད་དུས་ཀྱི་མ་ཧཱ་པཎྜི་ཏ་མཁས་ཤིང་གྲུབ་པའི་དབང་ཕྱུག་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པའི་དཔལ་རྣམ་དཔྱོད་མཆོག་གི་སྡེས་མཛད་པ་ཡིན་ལ། ལོ་ཚིགས་གསལ་བོ་མི་སྣང་ཡང་། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གི་མཁན་ཁྲིར་བཞུགས་སྐབས་སུ་བརྩམས་པ་ཡིན་པ་མཐའ་དཔྱོད་རང་གི་མཛད་བྱང་དུ་གསལ་ཞིང། ཕྱི་ལོ ༡༥༢༥ ལོར་ཕར་ཕྱིན་ཡུམ་དོན་གསལ་བའི་སྒྲོན་མེ་མཛད་པ་ཡིན་ལ། མཐའ་དཔྱོད་འདི་དེའི་འགྲེལ་བཤད་ལྟ་བུར་གསུངས་བའི་ཕྱིར་ ༡༥༢༥ ལོའམ་དེའི་ཕྱིས་སུ་གསུངས་པ་ཞིག་གོ །འགྲེལ་པ་འདིས་རྒྱལ་ཚབ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་པོ་རྒྱན་གྱི་གཞུང་གི་རིགས་ལམ་གྱི་རྣམ་གཞག་རིགས་པ་ཡང་དག་གི་ལམ་ནས་དྲངས་ཏེ་གཞུང་གི་དཀའ་གནད་དང་ཁྱད་པར་དུ་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་སྙིང་རྒྱན་གྱི་ཚིག་ཟིན་ཙམ་ལ་མི་མཐུན་པའི་ཆ་འགའ་རེ་ཡོད་པ་རྣམས་ཀྱང་དོན་གྱིས་དགོངས་པ་གཅིག་ཏུ་འབབ་པའི་ཚུལ་དང་། རྒྱ་འགྲེལ་ཉེར་གཅིག་གི་ལུང་ཁུངས་དང་བཅས་ཏེ་ཤེར་ཕྱིན་གྱི་མདོའི་ལྟ་སྤྱོད་གཉིས་ཀའི་དཀའ་བའི་གནད་འགངས་ཆེ་བ་རྣམས་དམིགས་སུ་བཀར་ནས་གསེད་བཀྲོལ་གནང་ཡོད། བརྗོད་བྱ་བསྟན་བཅོས་མངོན་རྟོགས་རྒྱན་གྱི་སྐབས་བརྒྱད་ཀྱི་ཟབ་རྒྱས་གཉིས་ཀྱི་དོན་ཡོངས་སུ་རྫོགས་པ་ཚང་ཞིང། རྗོད་བྱེད་ཚིག་གི་ཆ་ལ་དེབ་གཟུགས་སྟོད་སྨད་གཉིས་བཞུགས་ལ། དེབ་གཟུགས་སྟོད་ཆ་ལ་ཐིག་ཕྲེང་བཅུ་དགུ་ཅན་གྱི་ཤོག་ངོས་བཞི་བརྒྱ་དགུ་བཅུ་གོ་བདུན་དང། དེབ་གཟུགས་སྨད་ཆ་ལ་ཤོག་ངོས་ཉིས་བརྒྱ་བཅུ་གཅིག་བཞུགས་ཡོད། སྡེབ་སྦྱོར་ཚིག་གི་མཛེས་ཉམས་ལེགས་ཤིང་ཁ་གསལ་བ་གོ་བདེ་བ། ཕར་ཕྱིན་གྱི་གཞུང་གི་དཀའ་བའི་གནས་དག་ལ་དོན་གཉེར་ཅན་ཚོར་ཡིད་ཚིམ་པའི་ལེགས་སྐྱེས་གྱ་ནོམ་པ་མང་དག་ཅིག་གནང་འདུག་པས། ཤེར་ཕྱིན་གྱི་གཞུང་གི་དཀའ་གནས་འཚོལ་བ་རྣམས་ཀྱི་འདོད་དོན་འགྲུབ་པ་ལ་མཁོ་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ། ། |
| Domain | ཆོས་ལུགས། |