34944

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ཕྱི་ལོ ༡༨༨༣ ལོར་དྭགས་པོ་ཀ་ཤར་གྱི་ཡུལ་དུ་ཡབ་རྟ་མགྲིན་དང་། ཡུམ་དམ་ཆོས་འཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས། བཀྲ་ཤིས་ལྷུན་པོའི་ནང་དུ་ཡུལ་ཤུལ་ཀླུང་ཤོད་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་སྐུ་གཤེགས་པར་གསུངས། སྐུ་གདུང་ར་ཉག་དགོན་དུ་བཞུགས། དྲུག་པར་གསེར་བུམ་བརྟག་བསྒྲིལ་དཀྲུགས་ནས་པཎ་ཆེན་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ཐག་བཅད། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་དབུ་སྐྲའི་གཙུག་ཕུད་བཞེས། མཚན་ལ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་གསོལ། བློ་བཟང་བསྟན་འཛིན་དབང་རྒྱལ་ཡོངས་འཛིན་བསྟེན། དབང་ལུང་རྗེས་གནང་སོགས་ཀྱི་གསུང་ཆོས་མང་པོ་གསན། བཅུ་པར་དབུས་སུ་ཕེབས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་དགེ་བསྙེན་དང་། བར་མ་རབ་བྱུང་སྔོན་དུ་སོང་བས་ཚིགས་སྔ་མ་དགེ་ཚུལ་དང་། དགེ་སློང་གི་སྡོམ་པ་བཅས་བཞེས། གཞུང་ཆེན་བཀའ་པོད་ལྔ་ལ་ཐུགས་ཉེར་གནང་། ཚིག་དོན་ཀུན་ལ་ཐོས་བསམ་གྱིས་སྒྲོ་དོགས་ལེགས་པར་བཅད་དེ་མཁས་པའི་ཡང་རྩེར་སོན། ཉེར་ལྔ་པར་རྒྱ་གར་དུ་ཕེབས་ཏེ། ཟླ་ཤས་བཞུགས། སོ་གཉིས་པར་བཀྲ་ཤིས་ལྷུན་པོར་གསེར་ཟངས་ལས་གྲུབ་པའི་བྱམས་མགོན་གྱི་སྐུ་བརྙན་ཞིག་བཞེངས། ཞེ་གཅིག་པར་རྒྱ་ནག་པེ་ཅིན་དུ་ཕེབས། ཞེ་གསུམ་པར་གོ་མིན་ཏང་སྲིད་གཞུང་གིས་མཚན་འཕར་གཡང་ཊའི་ཐམ་ག་ཞིག་ཕུལ། རྒྱ་སོག་གི་དགོན་སྡེ་ཕལ་ཆེར་ཞབས་ཀྱིས་བཅགས། སེར་སྐྱ་གྲངས་ལས་འདས་པར་དབང་ལུང་རྗེས་གནང་གི་ཆོས་སྦྱིན་བསྩལ། རབ་བྱུང་བཅུ་དྲུག་པའི་མེ་གླང་ཕྱི་ལོ ༡༩༣༧ ལོར་སྐྱེ་དགུ་མདོར་སྐུ་གཤེགས། པཎ་ཆེན་སྐུ་ཕྲེང་དགུ་བ་ཡིན། གསུང་རྩོམ་ནི་བྱང་ཆུབ་ལམ་རིམ་སྐོར་དང་། བཅའ་ཡིག་འབོར་ཆེན། ཆབ་ཤོག གསོལ་འདེབས། ཁྲིད་ཡིག བསླབ་བྱ། དཀར་ཆག་གསན་ཡིག ས་ཤིང་བསྟན་བཅོས་བཅས་པོ་ཏི་བཞི་བཞུགས།