35099
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཁོང་ནི་མདོ་སྨད་འབའ་ཡུལ་དུ་གཏེར་ཆེན་པདྨ་ཆོས་རྗེའི་གླིང་པའི་སྲས་སུ་རབ་ཉི་ཤིང་འབྲུག་ལོར་སྐུ་འཁྲུངས། ཆོས་རྗེ་རིན་པོ་ཆེ་གཙང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་སྐྱེ་མཐའ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་གྱི་ཡང་སྲིད་ཡིན་ལ། ཀཿཐོག་པ་དྲུང་པ་ནམ་མཁའ་རྒྱ་མཚོ་ལས་སྐྱབས་སྡོམ་ནས་བཟུང་སྟེ་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་དབང་དང་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་མྱོང་ཁྲིད། ཁྱད་པར་ཀློང་གསལ་རྡོ་རྗེ་སྙིང་པོའི་དབང་ཁྲིད་ལུང་དང་བཅས་པ་བརྒྱུད་པའི་ཕྱག་བཞེས་ལྟར་ལེགས་པར་གསན། དབོན་བཀྲ་ཤིས་ཕུན་ཚོགས་དང༌། སྦྲ་མགོ་བ་བརྩོན་འགྲུས་རྒྱ་མཚོའི་མདུན་བསྐྱེད་རྫོགས་ཐུན་མོང་དང་ཐུན་མིན་གྱི་རྫོགས་རིམ་འོད་གསལ་ལྷུན་གྲུབ་སྣང་བཞིའི་རྩལ་སྦྱོང་བཅས་གསན་པ་དང༌། མ་ཧཱ་པཎྜི་ཏ་དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་ལས། ཚིགས་གསུམ་རིམ་ནོད་ཀྱི་སྡོམ་པ་དང༌། ཕྱག་ཆེན་སྨིན་ཁྲིད། ན་རོ་ཆོས་དྲུག་སོགས་གསར་རྙིང་མང་པོའི་སྨིན་གྲོལ་རྒྱ་མཚོ་ལྟ་བུ་ནོས། གཞན་ཡང་ས་སྐྱ་པ་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང༌། བཀའ་བརྒྱུད་པ་ཀརྨ་ངེས་ལེགས་སོགས་ལས་ཕྱི་ནང་གི་རིག་གནས་སྐོར་དང༌། རྫོགས་ཆེན་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་དང་ཟེ་ཞེ་ཆེན་པ་རབ་འབྱམས་འགྱུར་མེད་ཀུན་བཟང་རྣམ་རྒྱལ། གསུང་རབ་དོན་རྟོགས་རྒྱལ་སྲས་ནོར་བུ་རྒྱ་མཚོ་སོགས་ལས་སྔ་འགྱུར་རྙིང་མའི་བཀའ་གཏེར་མང་པོའི་དབང་ལུང་དང༌། མདོ་ཕྱོགས་ཀྱི་བཀའ་དང་བསྟན་བཅོས་རྒྱ་ཆེར་གསན་སྦྱོང་མཛད། མདོ་སྨད་ཀྱི་ཕྱོགས་ཐམས་ཅད་ཞབས་ཀྱིས་བཅགས། སྔ་འགྱུར་སྤྱི་དང་ཁྱད་པར་ཀཿཐོག་པའི་ཆོས་རྒྱུན་ཁྲོ་ཆུ་བདེ་ཆེན་གླིང་སོགས་རྒྱལ་རོང་དང་ཉག་རོང་འགུ་ལོག་འབའ་དང་ས་ངན་སོགས་ཀྱི་དགོན་གནས་ཆེ་ཕྲ་མང་པོའི་རྟེན་དང་བརྟེན་པ་བཅས་གསར་བསྐྲུན་དང་ཉམས་གསོ་ལེགས་པར་གནང༌། རྫོགས་ཆེན་པ་ཨ་ཏི་བསྟན་པའི་རྒྱལ་མཚན་དང༌། རབ་འབྱམས་པ་བློ་གསལ་རྒྱ་མཚོ། གདན་ཚབ་སྤྲུལ་སྐུ་པདྨ། ཛཿཀ་གསང་སྔགས་བསྟན་འཛིན། རྨོག་རྩ་ནམ་མཁའ་ཆོས་དབང༌། དགེ་རྩེ་པཎ་ཆེན། སི་ཏུ་ཆོས་ཀྱི་སེངྒེ། སྤྲུལ་སྐུ་ཨོ་རྒྱན་འཇམ་དབྱངས། ཉིན་དགོན་འགྱུར་མེད་ངེས་དོན་བསྟན་འཛིན། འགུ་ལོག་གཞི་ཆེན་བླ་མ་ཀུན་བཟང་བསྟན་འཛིན། རྒྱལ་སྲས་རིན་པོ་ཆེའི་ཡང་སྲིད། བྲོ་བརྡུང་སྤྲུལ་སྐུ་བསོད་ནམས་མཆོག་གྲུབ། གཏེར་ཆེན་རིན་ཆེན་གླིང་པ། ཕྱག་ཚ་ངེས་དོན་དབང་པོ། བྲག་དམར་ཡིད་བཞིན་དབང་རྒྱལ། རྒྱལ་སྲས་པདྨ་ནོར་བུ། བདེ་ཆ་རྒྱལ་སྲས་ནོར་བུ་རྒྱལ་མཚན། གཅུང་རྟ་མགྲིན་དབང་ཆེན་སོགས་ཀྱིས་གཙོས་ཕྱོགས་ཀྱི་དགེ་འདུན་འདུས་པ་རྣམས་ལ་གསར་རྙིང་བཀའ་གཏེར་མང་པོའི་དབང་དང་ཁྲིད་རྒྱབ་རྟེན་ལུང་བཅས་དང༌། ཁྱད་པར་བརྒྱུད་འཛིན་གྱི་སློབ་ཆེན་རྣམས་ལ་མྱོང་ཁྲིད་བཅས་ཀྱི་ཆོས་སྦྱིན་གནང༌། ཀཿཐོག་ཏུ་གྷན་དྷོ་ལ་ཉམས་གསོ་དང༌། དམ་གཙང་བྱམས་གསུམ་གདུང་འབུམ་ལྷ་ཁང་ཞིག་གསོ། ལྡེབས་རིས་སོགས་སྤུས་གཙང་མང་པོ་དང༌། བཀའ་བསྟན་པོད་མང་པོ་གསེར་བྲིས་ཅན། ཚེས་བཅུ་ཆེན་མོའི་དུས་མཆོད་གསར་འཛུགས་སོགས་འཁོར་ལོ་གསུམ་གྱི་ཕྱག་རྗེས་རྒྱ་ཆེར་གནང་། མགོ་ཟླའི་ཚེས་དགུའི་སྔ་དྲོར་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་ཕྲེང་བ་དང་བཅས་མཉམ་པར་བཞགས་བཞིན་བསྡུ་རིམ་གྱི་ཏིང་ངེ་འཛིན་ལ་གཞོལ་བར་མཛད་དོ། །དེ་ཕྱིན་ཀཿཐོག་པའི་གདན་འཛིན་གྱི་གཙོ་བོ་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་དང༌། དགེ་ཕྱག་རྨོག་རྩ། སི་ཏུ། ཉིན་དགོན་སོགས་སྐྱེ་སྲིད་རིམ་བྱོན་རྣམས་ཀྱིས་རེས་མོས་སུ་སྐྱོང་བར་མཛད་དོ། ། |
{{#arraymap:པདྨ་ཚངས་པ་དྲི་མེད་ཞིང་སྐྱོང་མགོན་པོ་
|; |@@@ | | }}