35138
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀཥྨིར་ཁ་ཆེའི་ཡུལ་གྲོང་ཁྱེར་དཔེ་མེད་བྱ་བར། ཡབ་ཁ་ཆེའི་རྒྱལ་པོ་དགེ་བའི་གོ་ཆ་དང་། ཡུམ་དཔལ་གྱི་བློ་གྲོས་ཀྱི་སྲས་སུ་འཁྲུངས། མཚན་ཀུན་ཏུ་བཟང་པོ་གསོལ། ལྕམ་དཔལ་གྱི་ཡེ་ཤེས་ཏེ་ལྕམ་སྲིང་གཉིས་སོ། །ཆེར་སྐྱེས་ནས་བྲམ་ཟེའི་ལས་དྲུག་ལ་སོགས་པ་ཕྱི་རོལ་པའི་རིག་པའི་གནས་ཐམས་ཅད་ཁོང་དུ་ཆུད། སངས་རྒྱས་ཀྱི་བསྟན་པ་ལ་དད་ནས། བདུད་རྩི་འབྱུང་བའི་གཙུག་ལག་ཁང་བྱ་བར། བྱེ་སྨྲའི་འདུལ་འཛིན་པ་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང་། སྡེ་སྣོད་གསུམ་པར་གྱུར་ནས། ཡུལ་དབུས་ནཱ་ལེནྡྲར་བྱོན། གནས་བརྟན་ཀླུའི་སྡེ་དང་། ཨཱ་ཀ་ར་ཤཱནྟི་པ་སོགས་ལས། ཐེག་པ་ཆེན་པོ་གཉིས་ཀྱི་གཞུང་ལུགས་ཐོས་བསམ་མཛད། མི་བརྗེད་པའི་གཟུངས་ཐོབ་པས་ལུང་རིགས་སྨྲ་བའི་གཙུག་ཏུ་བཀུར། ནཱ་ལེནྡྲའི་མཁན་པོ་མཛད་པས། རྒྱལ་སྲས་ནཱ་ལནྡཱ་པར་གྲགས། སློབ་དཔོན་ཙི་ལུ་པ་དང་འདི་གཉིས་ལ། དུས་ཞབས་ཆེ་ཆུང་བ་ཟེར། དུས་འཁོར་དབང་མདོར་བསྟན་པའི་འགྲེལ་པ། དགྱེས་རྡོར། འདུས་པ་རྒྱུད་ཕྱི་མ་ལ་སོགས་པའི་འགྲེལ་པ་མཛད་དེ། པཎྜི་ཏ་ཆེན་པོ་ཡ་ཤྭ་བྷ་དྲ་སྟེ། སྙན་གྲགས་བཟང་པོ་ཞེས་གྲགས། སྒོམ་པས་སེམས་བ་འཇོ་བའི་ཡུན་ཙམ་གནས་མ་ནུས་པས། སེམས་ལ་དབང་ཐོབ་པའི་གདམས་པ་ཞིག་དགོས་པར་འདུག་དགོངས་ནས། རྒྱ་གར་ཤར་ཕྱོགས་སུ། ཏིལླིའི་དྲུང་དུ་བྱོན། ལམ་དུ་དཀའ་ཕྲན་བཅུ་གཉིས་དང་། མཇལ་ནས་ཀྱང་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པའི་མཐའ་མར་ལོ་བཅུ་གཉིས་པ་ན། མྱ་ངམ་གྱི་ཐང་ཆེན་པོར་ཁྲིད་དེ། ཆོས་བཤད་པས་མཎྜལ་ཕུལ་ཅིག་གསུངས། དགའ་དྲགས་ནས་ཆུ་བཙལ་བས་མ་རྙེད། ཁྱོད་ཀྱི་ལུས་ལ་ཁྲག་མེད་དམ་གསུང་། གྲིས་ལུས་ཀྱི་ཁྲག་རྩ་གཏར་ཏེ་ས་གཞི་ཁྲག་གིས་ཆག་ཆག་བཏབ། མེ་ཏོག་མེད་ནས་རྣ་བ་དང་ཉིང་ལག་གཏུབས་ཏེ་ཚོམ་བུར་བཀོད་པས། ཁྲག་མང་པོ་ཕྱིར་ཤོར་བས་བརྒྱལ་ལ་ཁད་ན། ཏིལླི་པས་མཆིལ་ལྷམ་ཕུད་དེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་ལྷམ་དཔྲལ་བར་འཕངས་པ་ཕོག་པས་འགྱེལ་ནས་བརྒྱལ། སངས་པ་ན་གསོས། ཆོས་ཉིད་ཀྱི་བདེན་པ་གཟིགས། ས་དང་པོ་བརྙེས། སྙན་རྒྱུད་དང་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བསྩལ་བས། འདི་ལ་ཕྱིས་ནཱ་རོ་པའི་ཁྱད་ཆོས་སུ་གྲགས། བི་ཀྲ་མ་ཤཱི་ལའི་བྱང་སྒོ་བ། ཛེ་ཏ་རི་སྤྱོད་པ་ལ་གཤེགས་ནས། དེའི་ཚབ་མཛད་དེ། མུ་སྟེགས་མང་པོ་ཚར་བཅད། པུཥྤ་ཧ་རི་སོགས་སུ་བཞུགས་ནས། ས་བདུན་པའི་རྟོགས་པ་བརྙེས། བརྟུལ་ཞུགས་ཀྱི་སྤྱོད་པ་བརྩམས་ཏེ། ཕྱག་ཆེན་མཆོག་གི་དངོས་གྲུབ་བརྙེས། སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །རང་གི་ལྕམ་དང་། སློབ་མ་མཆོག་ཐོབ་པའི་སྦྱོར་ལམ་པ་ལྔ་བཅུ་རྩ་བརྒྱད། བརྟུལ་ཞུགས་སྤྱོད་པའི་སྦྱོར་ལམ་པ་ལྔ་བཅུ་རྩ་བརྒྱད། པཎྜི་ཏ་དང་ཀུ་སུ་ལུའི་སློབ་མ་བསམ་གྱིས་མི་ཁྱབ་པའི་ནང་ནས། ཟས་གཙང་སྲས་ཀྱི་འོད་སྲུང་ལྟ་བུ་ནི། མར་པ་ཆོས་ཀྱི་བློ་གྲོས་སོ། །ལྕམ་དཔལ་གྱི་ཡེ་ཤེས་ལས་བོད་དུ་ནི་གུ་ཆོས་དྲུག་འདི་བྱུང་ཞིང་། གྲུབ་པའི་རྒྱལ་མོའང་འདི་ཉིད་དོ། ། |
{{#arraymap:པན་ཆེན་ནཱ་རོ་པ་
|; |@@@ | | }}