3617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམ་ཡུ་ལོ་ (1)
Part of speech མིང་ཚིག
Definition བག་ལ་འགྲོ་དུས་ཀྱི་ཁམ་ཡུ་གང་ཡིན་ངོས་འཛིན་གནང་ཆེད་དེ་དག་ལོ་དང་སྐར་མར་སྦྱར་ནས་གཉིས་སུ་ཕྱེས་པའི་ནང་གསེས་ལོའི་ཁམ་ཡུ་སྟེ། དེར་ཡང་རྐྱང་ཁུག་གཉིས་མཛད་ཡོད་པའི་སྔ་མ་རྐྱང་བ་ནི་བྱི་བའི་ཁམ་ཡུ་མིག་བདུན་དང་། གླང་གི་ཁམ་ཡུ་འཁོར་ལྔ། སྟག་གི་ཁམ་ཡུ་ཟུང་དྲུག ཡོས་ཀྱི་ཁམ་ཡུ་བཞི་བསྣོལ། འབྲུག་གི་ཁམ་ཡུ་བརྒྱད་པ། སྦྲུལ་གྱི་ཁམ་ཡུ་ནག་དགུ། རྟའི་ཁམ་ཡུ་བཅུ་པ། ལུག་གི་ཁམ་ཡུ་ཕྱགས་ཤིང་། སྤྲེལ་གྱི་ཁམ་ཡུ་སྨིན་དྲུག བྱའི་ཁམ་ཡུ་ཟུར་བཞི། ཁྱིའི་ཁམ་ཡུ་འཁོར་གསུམ། ཕག་གི་ཁམ་ཡུ་བཅུ་གཉིས་བཅས་ཡིན་ཞིང་། དེའི་སྟེང་དུ་གཉེན་སྒྲིག་བྱེད་སྐབས་ཀྱི་མག་པའི་ལོའི་ཁམ་ཡུ་འཚོལ་དགོས་པས་མིང་གི་རྣམ་གྲངས་ལ་ཕོ་སྐོར་རྐྱང་པའི་གབ་ཚེ་ཞེས་ཟེར་བ་ཡིན། གཉེན་སྒྲིག་བྱེད་སྐབས་ཀྱི་མག་པའི་ལོའི་ཁམ་ཡུ་ནི་སོ་སོའི་ལོ་རྟགས་ཀྱི་སྟེང་ནས་བཟུང་སྟེ་ལུགས་འབྱུང་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས་པས། གལ་སྲིད་མག་པ་རྟ་ལོ་པས་ཆུང་མ་བསུ་དུས་རང་ལོ་ཉེར་གསུམ་ཡིན་པར་ཆ་བཞག་ན། རྐྱང་པའི་ནང་གི་རྟའི་ཐོག་ནས་ལུགས་འབྱུང་ལ་བགྲངས་པའི་ཉེར་གསུམ་པ་འབྲུག་ཡིན་ཕྱིར། ཁྱོ་གར་མཚོན་ན་དུས་དེའི་ལོའི་ཁམ་ཡུ་ནི་ཆུང་མ་བསུ་བར་བཟང་བའི་བརྒྱད་པ་ཡིན་པ་ལྟ་བུ་ཡིན། ཕྱི་མ་ཁུག་པ་ནི་བྱི་བའི་ཁམ་ཡུ་ཁྲ་བོ་མཇུག་རིང་དང་། གླང་གི་ཁམ་ཡུ་ར་བཞི། སྟག་གི་ཁམ་ཡུ་གཅིག་ཡོས་ཀྱི་ཁམ་ཡུ་ཟུར་བཞི་པ། འབྲུག་གི་ཁམ་ཡུ་འདྲེ་ལྔ། སྦྲུལ་གྱི་ཁམ་ཡུ་ཕོ་བདུན། རྟའི་ཁམ་ཡུ་ལག་སོར། ལུག་གི་ཁམ་ཡུ་ལྔ་པ། སྤྲེལ་གྱི་ཁམ་ཡུ་བརྒྱད་བདུན། བྱའི་ཁམ་ཡུ་སྤུན་དྲུག ཁྱིའི་ཁམ་ཡུ་ཐེའུ་བྲང་རྐང་གཅིག ཕག་གི་ཁམ་ཡུ་འཁོར་དྲུག་བཅས་ཡིན་ཞིང་། དེའི་སྟེང་དུ་གཉེན་སྒྲིག་བྱེད་སྐབས་ཀྱི་བག་མའི་ལོའི་ཁམ་ཡུ་འཚོལ་དགོས་པས་མིང་གི་རྣམ་གྲངས་ལ་མོ་སྐོར་ཁུག་པའི་གབ་ཚེ་ཞེས་ཟེར་བ་ཡིན། གཉེན་སྒྲིག་བྱེད་སྐབས་ཀྱི་བག་མའི་ལོའི་ཁམ་ཡུ་ནི་སོ་སོའི་ལོ་རྟགས་ཀྱི་སྟེང་ནས་བཟུང་སྟེ་ལུགས་འབྱུང་ལ་དུས་དེའི་རང་གི་ལོ་གྲངས་ཀྱིས་ལོན་ཚད་བགྲངས་དགོས་པས། གལ་སྲིད་བག་མ་བྱ་ལོ་མ་གནས་ལ་འགྲོ་དུས་རང་ལོ་ཉི་ཤུ་ཡིན་པར་ཆ་བཞག་ན། ཁུག་པའི་ནང་གི་བྱའི་ཐོག་ནས་ལུགས་འབྱུང་ལ་བགྲངས་པའི་ཉི་ཤུ་བ་འབྲུག་ཡིན་ཕྱིར། ཆུང་མར་མཚོན་ན་དུས་དེའི་ལོའི་ཁམ་ཡུ་ནི་བག་ལ་འགྲོ་བར་ངན་པའི་འདྲེ་ལྔ་ཡིན་པ་ལྟ་བུ་ཡིན། གཞན་ཡང་གཉེན་སྒྲིག་བྱེད་སྐབས་ཀྱི་ལོ་ཟླ་ཞག་དུས་བཞིའི་ཁམ་ཡུ་ནི་རང་རང་ལོ་འགྲོས་བཅུ་གཉིས་ལས་གང་ཡིན་ན་དེའི་ཁམ་ཡུ་དངོས་ཡིན་པས། གལ་སྲིད་བྱི་ལོའི་སྟག་ཟླར་གཉེན་སྒྲིག་བྱེད་པར་ཆ་བཞག་ན། ཕོ་ལ་ལྟོས་པའི་གནམ་ལོའི་ཁམ་ཡུ་ནི་མིག་བདུན་དང་། ཟླ་བའི་ཁམ་ཡུ་ནི་ཟུང་དྲུག མོ་ལ་ལྟོས་པའི་གནམ་ལོའི་ཁམ་ཡུ་ནི་ཁྲ་བོ་མཇུག་རིང་དང་། ཟླ་བའི་ཁམ་ཡུ་ནི་གཅིག་བཅས་ཡིན་པ་ཇི་ལྟར་ཞག་དུས་གཉིས་ཀྱི་ཁམ་ཡུ་གང་དེ་དང་རིགས་འགྲེ་བྱ་དགོས།
Domain རྩིས་རིག

{{#arraymap:ཁམ་ཡུ་ལོ་

|; |@@@ | | }}