36553

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་ཇོ་འབྲུག་སྒོམ་ཞིག་པོ་ (1)
Part of speech མིང་ཚིག
Definition དབོན་རས་དར་མ་སེངྒེའི་སློབ་མ་ཡིན། མདོ་ཁམས་བཀྲ་ཤིས་སྒང་གི་ཡང་རྩེ་འབབ་ཆུ་བྱ་བར། རུས་རྒྱ། ཡབ་ཚོང་དཔོན་ཟླ་བཟང་དང་། ཡུམ་ཨ་ལྕེ་དཔལ་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་ཤིང་འབྲུག་ ༡༡༨༤ ལོར་སྐུ་འཁྲུངས། ཐུགས་རྗེ་ཆེན་པོའི་སྤྲུལ་པར་གྲགས། མིང་དོན་འགྲུབ་རྒྱལ་མཚན་བཏགས། དགུང་ལོ་གསུམ་ནས་ཆོས་ཀྱི་ལད་མོ་སོགས་ཡ་མཚན་མང་ཡང་སྤྱོད་པ་ཤིན་ཏུ་གྱོང་། བདུན་ལ་རྙིང་མའི་སློབ་དཔོན་ཞིག་གི་མདུན་ནས། ཀློག་ཡིག་བསླབས། བླ་མ་ཐར་པ་གླིང་པའི་དྲུང་ནས་རྙིང་ཆོས་མང་དུ་གསན། གཙང་པ་རྒྱ་རས་ཀྱི་གྲགས་པ་གསན་ནས། དབུས་སུ་ཕེབས་ཀྱང་བླ་མ་དང་ཞལ་མ་ཐུག དབོན་རས་ཀྱི་དྲུང་ནས། འབྲུག་སྐོར་གྱི་དབང་ཁྲིད་མན་ངག་དང་བཅས་པ་གསན། བྱེ་དཀར་དང་། ཀློང་རྡོལ་དུ་ལོ་གསུམ་ཕྱེད་མར་བསྡད། སྔར་དང་མི་འདྲ་བའི་ཉམས་བཟང་པོ་སྐྱེས། དེ་ནས་ར་ལུང་དུ་བྱོན། རྗེ་དབོན་ལ་རྟོགས་པ་ཕུལ་བས། འོ་སློབ་མ་སྣོད་ལྡན་དེ་ཁྱོད་ལ་ཟེར་བ་ཡིན། ཁྱོད་ཀྱི་མིང་ཕ་ཇོ་འབྲུག་སྒོམ་ཞིག་པོ་གྱིས་གསུང་། དེ་ཕྱིན་མཚན་དེ་ལྟར་ཐོགས། རས་ཆུང་བདེ་མཆོག་སྙན་རྒྱུད་དང་། རྔོག་ལུགས་ཆོས་སྐོར་སོགས་དབང་ཆོས་མང་དུ་ཞུས། སྒོ་མོ་གཏེར་ཁུང་དུ་ལོ་གཅིག་བཞུགས། རྟ་མགྲིན་དམར་པོ་ལྕགས་རལ་ཅན་གྱི་རྒྱུད། སྒྲུབ་ཐབས། གཏེར་ནས་བཏོན། དེ་ནས་རྗེ་དབོན་གྱིས། ལུང་བསྟན་རྒྱས་པར་གནང་ནས་ལྷོ་ཡུལ་དུ་འབྲུག་པའི་བསྟན་པ་སྤེལ་བར་བརྫངས། ཐོག་མར་ཁ་རིའི་གངས་དང་། བྲག་སྐྱེས་གངས་ལ་ཡུན་ཐུང་ཙམ་རེ་བཞུགས། རིམ་བཞིན་སྟག་ཚང་སེངྒེ་བསམ་འགྲུབ་རྫོང་སོགས་རྫོང་བཞི་དང་། བྲག་བཞི་དང་། ཕུག་ཆེན་བཞི་རྣམས་སུ་སྒྲུབ་པ་མཛད། ལབ་སྒྲོན་སྤྲུལ་པ་མ་གཅིག་མཁའ་འགྲོ་ཞིག་མོ་ཁབ་ཏུ་བཞེས། སྲས་མོ་གཅིག་དང་། སྲས་པོ་བཞི་འཁྲུངས། གྲུབ་རྟགས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན། ཁྱད་པར་བྲག་རྟ་མགོ་ཅན། ཆོས་དབྱིངས་ཕོ་བྲང་དུ་བཞུགས་ནས། སྤྲུལ་པ་དུ་མ་བཀྱེས་ཏེ། དྲག་པོ་མངོན་སྤྱོད་ཀྱི་སྒོ་ནས། སྐུར་འདེབས་བྱེད་པའི་བསྟན་དགྲ་རྣམས་ཚར་བཅད། ལྷོ་ཁ་བཞི་ཕལ་ཆེར་དབང་དུ་བསྡུས། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་མང་དུ་བསྐོར་བ་སོགས་མཛད་ཕྲིན་ཤིན་ཏུ་རྒྱས། རེ་ཞིག་ཐུགས་རྗེ་བྲག་དཀར་སོགས་སུ་བྱོན་ནས། ཕྲིན་ལས་ཐ་མ་དེར་བསྐྱངས་པས། དེང་སང་ཡང་ཕ་ཇོ་སྡིངས་ཞེས་གྲགས། གསོལ་ཟས་ངན་པ་ཞིག་ཞུ་བ་བྱུང་བས། ངས་ཚེ་སྟོད་དུ་ར་གཅིག་བསད་པའི་སྲོག་ལན་ཡིན་གསུང་ནས་མཁྱེན་བཞིན་བཞེས་ཤིང་། སྲས་རྣམས་ལ་ཞལ་ཏ་ལེགས་པར་གནང་སྟེ། རྟ་མགོ་ཆོས་ཀྱི་ཕོ་བྲང་དུ། དགུང་ལོ་རེ་བརྒྱད་ཙམ་ལ་ཕེབས་པའི་ལྕགས་ཕག་ ༡༢༥༡ ལོའི་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ལ། གཟུགས་སྐུ་བསྡུས། སྲས་རྣམས་ལས་གདུང་རྒྱུད་དུ་མ་བྱོན་ནས་ལྷོ་ལྗོངས་སུ་ཆོས་སྲིད་ཀྱི་རྒྱུན་ཟམ་མ་ཆད་པ་བྱུང་བ་ལས། ཕྱིས་དཔལ་ལྡན་འབྲུག་པས་ཆོས་སྲིད་ལུང་གིས་བསྒྱུར་སླ་བ་དེའང་འདི་ཁོ་ནའི་དྲིན་ཡིན་པར་གསུངས་སོ། །

{{#arraymap:ཕ་ཇོ་འབྲུག་སྒོམ་ཞིག་པོ་

|; |@@@ | | }}