36698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕ་ལ་ (1)
Part of speech མིང་ཚིག
Definition ཛ་ཏིའི་མིང་གཞན། ལོ་མང་སྐྱེ་བའི་ཤིང་ལས་བྱུང་བའི་རྩི་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ཤིང་སྡོང་སྨུག་ལ་མཁྲེགས་ཉམས་ལྡན་པ་ཆེ་ཆུང་ཁམ་སྡོང་ཙམ་ལ། ལོ་མ་སྔོ་ལྗང་སྲབ་པར་ཉག་ག་ཆུང་བ་དབྱིབས་ཡོ་འབོག་གི་ལོ་མ་འདྲ་བ། རེས་རེ་མོས་སྐྱེ་བ་དུས་བཞིར་སྔོན་པོར་སྡོད་ཅིང༌། མེ་ཏོག་དམར་སྐྱ་རྒས་ཚེ་སེར་པོར་འགྲོ་བ་དབྱིབས་སྲན་མའི་མེ་ཏོག་འདྲ་བ། སྨིན་ནས་འབྲས་བུའམ་གང་བུ་དུ་སྨུག་ཟངས་སྐོགས་འདྲ་བའི་ནང་དུ་འབྲས་བུ་སྨུག་པོ་སྣུམ་ལ་ཧྲིལ་འཇོང་རྩ་རིས་དོད་ལ་དྲི་བཟང་བ། ཆེ་ཆུང་ཕལ་ཆེར་ཕུག་རོན་གྱི་སྒོ་ང་ཙམ་ཡོད་པ་སྟེ། རྒྱ་གར་དང༌། མ་ལེ་ཞི་ཡ། ཧིན་དྷུ་ཉི་ཞི་ཡ། བྷེ་རེ་ཟེ། ཡུན་ནན་ཞིང་ཆེན་གྱི་ཤི་ཧྲོང་པཱ་ན་སོགས་སུ་འདེབས་འཛུགས་བྱས་ནས་སྐྱེ་བ། བོད་ཟླ་བརྒྱད་པ་ཙམ་སྟེ་འབྲས་བུ་སྨིན་མཚམས་སུ་བཏུས་ཏེ་སྐམ་ནས་ཕྱི་པགས་དོར་ནས་སྨན་དུ་སྤྱོད་རྒྱུ། རོ་ཚ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་ལྕི་ཞིང་སྣུམ་འཇམ་དྲོ་བ། ཕན་ནུས་སྲོག་རླུང་སོགས་རླུང་གི་ནད་རིགས་སྤྱི་དང༌། སྙིང་རླུང༌། སྙིང་གཟེར་སོགས་སྙིང་གི་ནད་རིགས་སེལ་ཞིང༌། དེ་བཞིན་དྲོད་སྐྱེད་ལ་ཟས་འཇུ་བ་དང༌། མཁལ་ནད་སོགས་ལ་ཕན། ཛ་ཏི་ཕ་ལ་ཡང་ཟེར།
Domain གསོ་རིག
ཕ་ལ་ (2)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་ནག་ཅུང་སྦོམ་པ། སྡོང་པོ་ལྗང་སེར་ཕྲ་ལ་རིང་བ་ལྔ་དྲུག་ཙམ་ཡོད་པ་དེ་སྐྱེ་དངོས་གཞན་ལ་འཁྲིལ་ནས་སྐྱེ་བ་དང༌། འཁྲིལ་ས་མེད་ན་ས་ཉལ་ནས་འཕྲེད་དུ་སྐྱེ་བ། ལོ་མ་ལྗང་སེར་སྙིང་དབྱིབས་འདྲ་བའི་རྩེ་རྣོ་ཞིང་མཐའ་མཉམ་ལ་ངར་པ་རིང་བ་རྩ་རིས་དྲ་བ་ལྟར་གྱེས་པ་རེ་མོས་སུ་སྐྱེ་བ། མེ་ཏོག་སེར་ལ་ཆུང་ཞིང་འདབ་མ་ལྔ་དང་ལྡན་པ། བང་རིམ་དུ་སྡོང་པོ་དང་ལོ་མའི་ངར་པའི་མཚམས་ནས་འཆར་བ། གང་བུ་སེར་སྐྱ་མགོ་མཇུག་ཕྲ་ཞིང་ལྟོ་བ་སྦོམ་པ་རྩེ་ཕྲ་ལ་རིང་བ། འབྲུ་གུ་ནར་ལ་ཅུང་ཟད་ལེབ་པའི་རྩེ་ཕྲ་བ་བྱེའུ་ལྕེ་འདྲ་བ་སྤུ་དཀར་འཇམ་པོས་བཏུམ་པ་སྟེ། རྒྱ་ནག་དང༌། བལ་ཡུལ། རྒྱ་གར་སོགས་དང༌། དེ་བཞིན་མེ་ཏོག་རྫོང་དང༌། མཚོ་སྣ། རྫ་ཡུལ། སྨན་གླིང་སོགས་ཀྱི་ཤིང་ནགས་ཁུལ་དུ་སྐྱེ། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ། གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་སྐམ་ཞིང་རྩུབ་པས་དུག་ནད་དང༌། མཁྲིས་པར་ཚ་བ་རྒྱས་པ། ཚ་བས་འཁྲུ་བ་སོགས་ལ་ཕན།