36728
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁམས་འབྲི་རྒྱུད་རྨེ་ཤོད་དུ། ཡབ་ཨ་དར་དང་། ཡུམ་བཙུན་ནེའི་སྲས་སུ་རབ་བྱུང་གཉིས་པའི་ལྕགས་སྟག་ ༡༡༡༠ ལོར་འཁྲུངས། དགུང་ལོ་དགུ་ན། བྱ་ཁྱི་ལྷ་ཁང་དུ་མཁན་པོ་ཚུལ་ཁྲིམས་དང་། སློབ་དཔོན་འོད་ཟེར་རྒྱལ་མཚན་གཉིས་ལ་རབ་ཏུ་བྱུང་། ཁམས་སུ་བླ་མ་བཅུ་དྲུག་ཙམ་བསྟེན། དེ་ནས་དབུས་སུ་བྱོན་ནས། སྟོད་ལུང་རྒྱ་དམར་བ། ཕྱྭ་པ་ཆོས་སེང་། དཔལ་ཆེན་རྒྭ་ལོ། བྱ་ཡུལ་བ་ཆེན་པོ། བྱང་སེམས་ཟླ་རྒྱལ་སོགས་ལ་ཆོས་གསན། མ་ཅིག་ཞ་མ་སོགས། བཙུན་མའི་བླ་མ་རང་ཡང་བཅུ་གསུམ་ཙམ་བསྟེན། གདམས་ངག་ཆེ་ཟེར་ཚད་ལ་གཏུགས། ས་ཆེན་ཀུན་དགའ་སྙིང་པོ་ལ་ལམ་འབྲས་ཞུས་ནས་བསྒོམས་པས་ཉམས་བཟང་བོ་བྱུང་བ་ལ་ས་ཆེན་གྱིས་མཐོང་ལམ་དུ་ངོ་སྤྲད། འཁོར་བར་འཁྱམས་པའི་རྒྱུ་གཙོ་བོ་དེ་སྤང་ཕྱིར། བླ་མ་ཀུན་ལ་དྲིས་ཀྱང་ཐུགས་ལ་བབ་པའི་ལན་མ་བྱུང་བས། སྒམ་པོར་བྱོན་ནས། བླ་མ་རིན་པོ་ཆེ། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་གང་ལགས་ཞུས་པས། དྭགས་པོས། ཐ་མལ་གྱི་ཤེས་པ། ངོ་མ་ཤེས་པས་ཡིན་མོད་གསུངས། ངེས་ཤེས་གཏིང་ནས་སྐྱེས་ཏེ། ཁྲིད་ཞུས་པ་ན། ཕྱག་ཆེན་གནས་ལུགས་ཇི་ལྟ་བ་རྟོགས་ནས། ངོ་ཤེས་འཕྲད་པ་ལྟར་གྱུར། སྐུ་མ་གཤེགས་བར་དྲུང་དུ་བཞུགས། དེ་རྗེས་ཀྱང་སྒམ་ཚུལ་གྱི་ཞབས་ཕྱིར་ལོ་གཅིག་བཞུགས་ནས། ཕག་གྲུུར་བྱོན་ཏེ་འཇག་སྤྱིལ་ལ་བརྟེན་ནས་གདན་ཆགས། ཞེ་དགུ་ནས་རེ་གཅིག་གི་བར་འགྲོ་དོན་མཛད་པས། འཁོར་བསམ་གྱིས་མི་ཁྱབ་པ་འདུས་ཏེ། ཚོགས་པ་བརྒྱད་བརྒྱ་ལ་གདུགས་ཐོགས་ལྔ་བརྒྱ་ཟེར་བ་བྱུང་ཞིང་། བཞུགས་གནས་ལའང་མཐའ་རྩ་ཀུན་བཟང་ནགས་ཚལ་ཞེས་གྲགས་ལ། མི་རྣམས་ཀྱིས་འོག་མིན་གྱི་ཞིང་དང་། སྟོན་པ་རྡོ་རྗེ་འཆང་། ས་བཅུའི་བྱང་སེམས་གྱི་འཁོར་བྱས་ཀྱང་། འདི་རྣམས་ལས་ལོགས་སུ་ཅི་ཡོད་ཅེས་གྲགས་སོ། །དྲུག་ཅུ་བཞེས་པ་ན། སྐུའི་བཀོད་པ་བཅུ་གཉིས་སྤྲུལ་ནས། གཅིག་གིས་སྟག་ལུང་ཐང་པའི་བཞུགས་ཡུལ་བྱིན་གྱིས་བརླབས་པ་སོགས་མཛད། རེ་གཅིག་པ་ལྕགས་སྟག་ ༡༡༧༠ ལོའི་དབྱུག་ཟླའི་ཉེར་ལྔ་ལ་དགོངས་པ་རྫོགས་པའི་ཚེ། སྐུ་གདུང་གིས་ཞབས་རྗེས་དང་། སྤུར་ཁང་གི་ཕྱོགས་བཞི་དབུས་དང་ལྔར། རྒྱལ་བ་རིགས་ལྔར་སྣང་བ་སོགས་ངོ་མཚར་བ་བྱུང་ངོ་། །སློབ་མ་བརྒྱད་བརྒྱ་ནང་ནས་གྲགས་ཆེ་བ་ནི། སྟག་ལུང་པ། སྣ་ཕུ་བ། སྤར་ཕུ་བ། རྒྱ་རས་ཏེ། མཐར་ཕྱིན་གྱི་བུ་བཞི། ཡེ་ཤེས་སེང་གེ མི་ཉག་སྒོམ་རིངས། ཉག་རེ་སེ་པོ། གཙང་པ་རང་ཆུང་སྟེ། གདམས་པའི་བུ་བཞི། འཇིག་རྟེན་མགོན་པོ། བནྡྷ་ཕུག་པ། ཆོས་རྗེ་སྡུམ། ཆོས་རྗེ་གཏུམ་རྣམས་ལ་རོ་གཅིག་རྟོགས་པ་ཕྱེད་བཞི། སྨར་པ་ཤེས་རབ་ཡེ་ཤེས། ཡེར་ཕུག་པ་ཡེ་ཤེས་བརྩེགས། དགྱེར་སྒོམ་པ་ཚུལ་ཁྲིམས་སེང་གེ བཤེས་གཉེན་སེང་གེ་དཔལ་རྣམས་ལ། ཉེ་བའི་སྲས་བཞི་ཟེར། བླ་མ་ཞང་། རྨོག་ལྕོགས་པ། རིན་པོ་ཆེ་རྒྱལ་ཚ། དགེ་བཤེས་གླང། གཤེན་རྡོ་རྗེ་སེང་གེ་སོགས་སློབ་མ་བསམ་གྱིས་མི་ཁྱབ་པ་ཐོན། དེ་དག་ལས་གྱེས་ཏེ་འབྲི་སྟག ཁྲོ་གླིང་། སྨར་ཡེལ། གཡའ་ཤུག་སྟེ་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་དུ་གྲགས་པ་བྱུང་ངོ་། ། |