36949
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐེག་ཆེན། དེ་ལ་ཕ་རོལ་ནི་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏེ། སྒྲིབ་པ་གཉིས་མ་ལུས་པ་སྤངས་པའི་སངས་རྒྱས་སོ། །ཕྱིན་པ་ནི་དེར་ཕྱིན་པའོ། །ས་དང་པོའི་སྦྱིན་པ་སོགས་ལ་ཕར་ཕྱིན་འདོགས་པའི་རྒྱུ་མཚན་ནི་འཁོར་གསུམ་མི་དམིགས་པའི་བསྔོ་བས་ཟིན་ན་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པར་འགྱུར་བས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ངེས་དོན་རྣམ་ངེས་ལས་གསུངས་སོ། །ཕར་ཕྱིན་གྱི་སྒྲ་བཤད་ནི། ཕ་རོལ་ནི་སངས་རྒྱས་ཀྱི་ས་དང་། ཕྱིན་པ་ནི་ཕྱིན་ཟིན་པའོ། །ཕ་རོལ་གྱི་སྐད་དོད་(པ་ར)་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ་བྱིན་ཏེ། ཨ་ཡིག་བརྗོད་པའི་དོན་ཡིན་པས་ཕྱིས་ནས་མ་སྲོག་མེད་ཡར་སྦྱར་ཏེ། པ་རམ་ནི་ཕ་རོལ་ཏུ་ཞེས་དང་། ཕ་རོལ་དེར་ཞེས་བྱ་བའི་ལས་སུ་སོང་བའོ། །སྤྱིར་རྣམ་དབྱེ་བྱིན་ནས་ཚིག་ཏུ་གྲུབ་ཟིན་པའི་རྗེས་སུ་རྣམ་དབྱེ་མི་མངོན་པར་བྱ་བ་ཡིན་པ་ལས། སྒྲའི་བསྟན་བཅོས་ལས། ཚིག་ཕྱི་མ་ཡོད་ན་མི་མངོན་པར་མི་བྱའོ་ཞེས་པ་འདིས་ཕྱིན་པའི་སྐད་དོད། ཚིག་ཕྱི་མ་ཨིཏ་ཡོད་པས་མ་ཡིག་མི་མངོན་པར་མ་བྱས་པར་གཟུགས་སུ་གྱུར་བའམ། པྲེ་ཥོ་ད་རའི་བསྡུ་བ་སྟེ། གཟུགས་མཛེས་པའི་ཆེད་དུ་ཡང་མའི་མཐའ་ཅན་ཉིད་དུ་བཞག་གོ །དེ་རྣམས་མ་སྲོག་མེད་དང་ཨི་ཏ་མཚམས་སྦྱར་བས་པ་ར་མི་ཏ་ནི་སངས་རྒྱས་ཀྱི་སར་ཕྱིན་པའོ། །ཕར་ཕྱིན་དངོས་མིང་དུ་འཇུག་པའི་གཞི་ནི། ཤེས་རབ་གཞིར་བཟུང་ནས་དེ་ལ་ཕ་རོལ་ཏུ་ཕྱིན་པ་བྱེ་བྲག་ཏུ་བཤད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པར་འགྱུར་ཏེ་ཕར་ཕྱིན་དྲུག་གམ་བཅུའི་ཟླས་ཕྱེ་བའི་ཤེར་ཕྱིན་མ་ཡིན་གྱི་ཤེར་ཕྱིན་གྱི་མདོའི་བརྗོད་བྱའི་གཙོ་བོར་གྱུར་པའི་ཤེར་ཕྱིན་ཏེ། ཕྱོགས་གླང་གིས། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་དང་དོན་གཅིག་གོ །བཏགས་མིང་དུ་འཇུག་པའི་གཞི་ནི། ས་དང་པོར་ལྷག་པར་ཐོབ་པའི་སྦྱིན་པའི་ཕར་ཕྱིན་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དང་འདྲ་བས་ཕ་རོལ་དུ་ཕྱིན་པའི་མིང་གིས་བཏགས་པ་ཡིན། ཅི་ལྟར་འདྲ་ན་ཡོངས་སུ་བསྔོ་བའི་ཁྱད་པར་གྱིས་ཕ་རོལ་ཏུ་འགྲོ་བར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚན་ཉིད་པ་མ་ཡིན་ཏེ། སངས་རྒྱས་ཀྱི་སར་ཕྱིན་པ་མ་ཡིན་པའི་ཕྱིར་ཏེ། ཕྱོགས་གླང་གིས། བསྒྲུབ་བྱ་དེ་དོན་སྦྱོར་བ་ཡི། །གཞུང་དང་ལམ་ལ་དེ་སྒྲ་ཡིན། །ཞེས་དང་། དེའི་དོན་སེངྒེ་བཟང་པོས་མཐོང་སྒོམ་གྱི་ལམ་ཤེར་ཕྱིན་བཏགས་པ་བར་བཤད་པ་དང་དོན་གཅིག་གོ །ཞེས་ཀུན་མཁྱེན་གོ་རམས་པས་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། |
| Domain | ཆོས་ལུགས། |