36953
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕར་ཕྱིན་སྐོར། གཞུང་མཚན་རྒྱས་པ་ནི། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ། ཞེས་གསོལ། བརྗོད་བྱ་འགྲེལ་ཆུང་དོན་གསལ་གྱི་སྒང་ལ་རྒྱ་བོད་ཀྱི་མཁས་པའི་ཡུམ་འགྲེལ་གྱི་འདོད་པ་ཕྱོགས་གཅིག་ཏུ་བསྡུས་ཏེ་རང་ལུགས་ཀྱང་བཞག་ཡོད་དེ། གཞུང་དེའི་མཆོད་བརྗོད་དུ། གཞུང་ལུགས་འདི་དོན་མཁས་པའི་དབང་བོ་ཡིས། །རྒྱ་ཆེར་འགྲེལ་བའི་རྣམ་བཤད་ཡོད་མོད་ཀྱི། རྨིག་རྗེས་ནང་དུ་རྒྱ་མཚོ་ཇི་བཞིན་དུ། །གཞན་བློའི་སྣོད་དུ་ཤོང་བ་ཤིན་ཏུ་དཀའ། །དེ་སླད་རྒྱ་བོད་མཁས་པའི་ལེགས་བཤད་པ། །ཕལ་ཆེར་གསལ་ལ་རྫོགས་པར་བསྡུས་པ་ཡི། །བཤད་སྦྱར་ཡིད་ཀྱི་མུན་སེལ་རྩོམ་པ་ལ། །རིང་མོ་ཞིག་ནས་བདག་ཡིད་རབ་ཏུ་སྤྲོ། །ཞེས་བྱུང་། གཞུང་ཚད་ལ་པོད་གཉིས་ཏེ་སྟོད་ཆ་དང་སྨད་ཆ་བཞུགས། མཛད་པའི་ཡུལ་ནི་དཔལ་ས་སྐྱའི་ཆོས་གྲྭ་དང་། མཛད་པའི་དུས་ནི་ལྕགས་མོ་ཕག་ལོའི་དཔྱིད་ཀྱི་དུས་ཏེ་གཞུང་དེའི་མཇུག་བྱང་དུ། རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་རབ་མངོན་པར་རྟོགས་པའི་རྒྱན་འགྲེལ་བ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་མཆན་བུ་དང་བཅས་པ་འདི་ནི། དཔལ་ལྡན་མཁས་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་གྱི་རྩེ་མོ་ལྟར་མཐོ་བར་གྱུར་པའི་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་བུ་དོལ་གཉིས་ལ་སོགས་པའི་མཁས་པ་དུ་མའི་ཞབས་རྡུལ་ལ་སྤྱི་བོས་གཏུགས་པའི་བློ་གསལ་ཀུན་དགའ་དཔལ་ཞེས་བྱ་བས། གསུང་རབ་མཐའ་དག་ལ་བློའི་སྣང་བ་ཐོབ་པར་བྱས་ཤིང་། རྒྱ་བོད་མཁས་པའི་འགྲེལ་བ་དང་། འགྲེལ་བཤད་ཕལ་ཆེར་ལ་ལེགས་པར་སྦྱངས་ནས་འདྲིས་པར་བྱས་ཏེ་མཁས་གྲུབ་རྒྱུན་མ་ཆད་པར་བྱོན་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ལྕགས་མོ་ཕག་གི་ལོའི་དཔྱིད་ཀྱི་དུས་སུ་ཟླ་བ་གཉིས་ལྷག་ཙམ་ལ་རྫོགས་པར་བྲིས་པའོ། །ཞེས་བྱུང་། འོན་ཀྱང་ཁོང་གི་དགུང་ལོ་ག་དུས་ཀྱི་རྩོམ་ཡིན་མིན་ཁ་ཚོད་བཅད་དཀའ་མོད། འདིའི་ལྕགས་མོ་ཕག་ཅེས་པ་དེ་དགུང་ལོ་བརྒྱད་ཅུ་གྱ་དྲུག་པའི་གནམ་ལོ་ཡིན་ན་ཕྱི་ལོ་ ༡༣༧༡ ཡིན་དགོས་ལ། དགུང་ལོ་ཉེར་བདུན་པའི་གནམ་ལོའི་དབང་དུ་བཏང་ན་ཕྱི་ལོ་ ༡༣༡༡ སྟེང་ཡིན་དགོས་པས་དཔྱད་འཚལ། |
{{#arraymap:ཕར་ཕྱིན་ཉ་ཊཱིཀྐ་ཡིད་ཀྱི་མུན་སེལ་
|; |@@@ | | }}