37085
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕུ་སྤྲུལ་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་རིན་ཆེན་རྒྱལ་མཚན་ནི། ཕྱི་ལོ་ ༡༩༣༣ ལོར་དཀར་མཛེས་གཙང་པོའི་ཕ་རོལ་སྲིབ་མོ་ཕྱོགས། ཤིང་གུར་སྟག་ཚང་གི་ནང་དུ་ཡབ་བསོད་ནམས་དབང་རྒྱལ་དང། ཡུམ་བག་ངེས་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་ནི་ཕུ་སྤྲུལ་གསང་བདག་དཔའ་བོ་ཕེབས་རྗེས་སུ་སྐྱབས་མགོན་སྤྲུལ་སྐུ་དང། འཁྲུངས་སར་རིན་པོ་ཆེ་ནས་མ་འདས་ཡང་སྲིད་དུ་ངོས་འཛིན་གནང། ཆུང་དུས་ནས་རིགས་པའི་གནས་ལ་གསན་སྦྱོང་མཛད་དེ་ངོར་མ་དགོན་དུ་ཕེབས་ཤིང་ཐར་རྩེ་མཁན་ཆེན་འཇམ་དབྱངས་ཀུན་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་མདུན་ནས་གསང་བསྔགས་ལམ་འབྲས་གཙོས་པའི་དབང་ལུང་མན་ངག་སོགས་ཆ་ཚང་གསན་ཞིང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་མཚན་ལ་ཀུན་དགའ་རིན་ཆེན་རྒྱལ་མཚན་གསོལ། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་ནས་དཀར་མཛེས་ཡུལ་མི་དད་ལྡན་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་འགྲོ་དོན་རྒྱ་ཆེར་སྐྱོང་བར་མཛད། བླ་མ་འདི་ལའང་ཉམས་རྟོགས་མཚན་མང་པོ་བསྟན་རབས་ཡོད་པས་ཆ་ཙམ་བགྲང་ན། ཉིན་ཞིག་དཀར་མཛེས་མྱ་བ་ལུང་འདབས་ཀྱི་མི་ཚང་ཞིག་གི་བུ་དམག་གསར་གྲོང་པས་སྤྲུལ་སྐུ་དེར་ཕེབས་ཏེ་གཅོད་འདུལ་གསུང་ནས་གཤིན་པོ་འགུག་ཆོག་གསུངས་པའི་སྐབས་དེར། མི་ཚང་དེའི་ཁྱིམ་མཚེས་ཀྱི་ནང་དུ་སྟོད་ཕྱོགས་ནས་ཕེབས་པའི་བླ་མ་རྟོགས་ལྡན་ཞིག་བཞུགས་ཡོད་པ་དེས་ཕུ་མགོ་སྤྲུལ་སྐུ་ཉམས་ཚད་ལེན་ཕྱིར་གཤིན་པོའི་རྣམ་ཤེས་ཕོར་པ་ཁ་སྦུབ་པའི་འོག་ཏུ་བཀུག སྤྲུལ་སྐུའི་ཞབས་ཞུ་དག་གིས་བཤེད་སྒྲོམ་ཐེངས་ཁ་ཤས་བརྡབ་ཏེ་ཤིང་བྱང་བླ་མའི་འདུན་དུ་བླུགས་ཀྱང་ཤིང་བྱང་བརྒྱད་ལས་ཕོ་ཤིང་གཅིག་འགུག་མ་ཐུབ་པ་རེ་ཞིག་ལུས། དེ་ནས་ཕུ་མགོ་སྤྲུལ་སྐུས་ཤིང་བྱང་གཅིག་པུ་དེ་འདུན་ཅོག་སྟེང་དུ་ཁ་སྦུབ་ཏེ་བཞག་ནས་ཡུད་ཙམ་མཉམ་པར་བཞག་རྗེས་ཕཊ་་་་་་ཞེས་གསུངས་པ་དང་ཤིང་དེ་ལུས་ཚད་ཙམ་ཞིག་ནམ་མཁའ་འཕགས་ཏེ་སིལ་སྒྲ་དང་བཅས་འདུན་དུ་ཁ་གྱེན་དུ་འགུགཕར་ཕྱོགས་བླ་མ་རྟོགས་ལྡན་གྱི་འདུན་ནས་ཕོར་བ་ཁག་གཉིས་སུ་གས་པས་དེ་མ་ཐག་རྟོགས་ལྡན་གྱི་དར་དཀར་པོ་ཞིག་ཁྱེར་ཏེ་ཕུ་མགོ་སྤྲུལ་མཇལ་ཁར་ཡོང་བའི་ལོ་རྒྱུས་ཕུ་སྤྲུལ་གྱི་སྐུ་ཞབས་བ་དགེ་རྒན་རྡོ་རྗེ་གྲོས་ལས་ཁོ་བོས་དངོས་སུ་ཐོས་མྱོང་། བླ་མ་དེ་ཉིད་རི་མོ་འབྲི་བ་ལའང་ཤིན་ཏུ་མཁས་པས་ཁོང་གིས་བྲིས་པའི་སྒྱུ་རྩལ་ཅན་གྱི་བཤམ་ཐང་དུ་མ་མཇལ་རྒྱུ་ཡོད། ཕྱིས་སུ་ ༡༩༥༩ ལོའི་དུས་འགྱུར་སྐབས་བཙོན་འོག་ཏུ་མི་ལོ་ཉེ་ལྔ་རིང་བཞུགས་དགོས་བྱུང་ཞིང་། མཐར་ཀློད་གྲོལ་ཐོབ་ཀྱང་ལོ་གཅིག་ཙམ་ལས་མ་བཞུགས་པར་སྐུ་གཤེགས་པའི་ཚུལ་བསྟན་ནོོ། ། |