37153
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཆོས་ལུགས། མདོ། མངོན་པ། ཚོར་བ་མྱོང་བའོ་འདུ་ཤེས་ནི། །མཚན་མར་འཛིན་པའི་བདག་ཉིད་དོ། །འདུ་བྱེད་ཕུང་པོ་བཞི་ལས་གཞན། ཞེས་གསུངས། འདི་རྣམས་འཆད་པ་ལ། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོ་བཤད་པ་དང་བཞི། དང་པོ་ལ། མཚན་ཉིད། དབྱེ་བ། བསྡུ་བ་དང་གསུམ། དང་པོ་ནི། རང་ཡུལ་སིམ་གདུང་བར་མ་གསུམ་ཅི་རིགས་སུ་མྱོང་བའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་སེམས་བྱུང་དུ་དམིགས་པ། ཚོར་བའི་མཚན་ཉིད། དེ་དུ་མར་སྤུངས་པའི་རིགས་སུ་གནས་པ། ཚོར་བའི་ཕུང་པོའི་མཚན་ཉིད། གཉིས་པ་ནི། དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། ལུས་ཚོར་དང་། སེམས་ཚོར་གཉིས། བདག་རྐྱེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སོགས་དྲུག་ཡོད། གསུམ་པ་ནི། དེ་རྣམས་བསྡུ་ན་གཉིས་སུ་འདུ་སྟེ། དང་པོ་ལྔ་ལུས་ཚོར་དང་། ཕྱི་མ་སེམས་ཚོར་དུ་འདུ་བའི་ཕྱིར། ལྔ་ནི་ལུས་ཀྱིའོ་སེམས་ཀྱི་གཞན། །ཞེས་གསུངས་པའི་ཕྱིར། དེས་ན་ལུས་ཚོར་དང་། དབང་ཤེས་སུ་གྱུར་པའི་ཚོར་བ་དོན་གཅིག སེམས་ཚོར་དང་། ཡིད་ཤེས་སུ་གྱུར་པའི་ཚོར་བ་དོན་གཅིག གཉིས་པ་ལ་མཚན་ཉིད། དབྱེ་བ། བསྡུ་བ་དང་གསུམ། དང་པོ་ནི། རང་ཡུལ་གྱི་ཐུན་མོང་མ་ཡིན་པའི་མཚན་མའམ་སྤུ་རིས་མ་འདྲེས་པར་འཛིན་པར་བྱེད་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བའི་སེམས་བྱུང་དུ་དམིགས་པ། འདུ་ཤེས་ཀྱི་མཚན་ཉིད། དེ་དུ་མར་སྤུངས་པའི་རིགས་སུ་གནས་པའི་རབ་ཏུ་ཕྱེ་བ། འདུ་ཤེས་ཀྱི་ཕུང་པོའི་མཚན་ཉིད། གཉིས་པ་ནི། དེ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་སོགས་དྲུག་ཡོད། གསུམ་པ་ནི། དེ་རྣམས་བསྡུ་ན། མཚན་མར་འཛིན་པ་རྟོག་མེད་ཀྱི་འདུ་ཤེས་དང་། བཀྲ་བར་འཛིན་པ་རྟོག་བཅས་ཀྱི་འདུ་ཤེས་གཉིས་སུ་འདུའོ། །གསུམ་པ་ལ། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། སྔར་བཤད་པའི་གཟུགས་ཀྱི་ཕུང་པོ་ཚོར་བའི་ཕུང་པོ་འདུ་ཤེས་ཀྱི་ཕུང་པོ་འཆད་འགྱུར་གྱི་རྣམ་ཤེས་ཀྱི་ཕུང་པོ་བཞི་པོ་གང་རུང་མ་ཡིན་པའི་འདུས་བྱས་སུ་དམིགས་པ། འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད། གཉིས་པ་ནི། དེ་ལ་དབྱེ་ན། མཚུངས་ལྡན་འདུ་བྱེད་དང་། ལྡན་མིན་འདུ་བྱེད་གཉིས། དང་པོ་ལ་སེམས་བྱུང་དུ་གྱུར་པའི་འདུ་བྱེད་བདུན་ཅུ་རྩ་ལྔ་དང་། ཕྱི་མ་ལ་བཅུ་བཞི་ཡོད་ཅིང་། དེ་རྣམས་སོ་སོའི་ངོས་འཛིན་འོག་ཏུ་གནས་གཉིས་པར་ཤེས་པར་འགྱུར་རོ། །བཞི་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། རང་ཡུལ་སོ་སོར་རྣམ་པར་རིག་པར་བྱེད་པའི་རིགས་སུ་གནས་པའི་གཙོ་བོའི་རྣམ་རིག་ཏུ་དམིགས་པ། རྣམ་ཤེས་ཀྱི་མཚན་ཉིད། དེ་དུ་མར་སྤུངས་པ། རྣམ་ཤེས་ཀྱི་ཕུང་པོའི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། འཇུག་ཤེས་ཚོགས་དྲུག་ཡོད། |