37287
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ ༡༦༨༢ ལོར་མདོ་ཁམས་ཆབ་མདོར་ཡབ་ཨ་ནུ་འཕགས་པ་དང་། ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མིང་ལ་བདེ་མཆོག་སྲུང་ཞུ། བདུན་པར་ཡི་གེའི་འབྲི་ཀློག་དང་། འདོན་ཆོས་རྣམས་ལ་སྦྱངས། བཅུ་གསུམ་པར་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོ་ལས་རབ་བྱུང་དང་། དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས། མཚན་ལ་ངག་དབང་བྱམས་པ་ཞེས་གསོལ། བཅོ་ལྔ་པར་དབུས་སུ་ཕེབས། སེར་བྱེས་གྲྭ་ཚང་དུ་ཞུགས། བླ་མ་ངག་དབང་རྒྱ་མཚོར་བསྟེན་ནས་བསྡུས་གཞུང་དང་། ཕར་ཕྱིན། དབུ་མ། འདུལ་བ། མངོན་བརྗོད་བཅས་ལ་གསན་བསམ་མཛད། དཀའ་བཞི་པའི་མཚན་བཏགས་བཞེས། ཉེར་གསུམ་པར་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་སློང་བསྒྲུབས། བཀའ་ཆོས་གསན། སྒྲུབ་ཁང་དགེ་ལེགས་རྒྱ་མཚོ་ལས་བྱང་ཆུབ་ལམ་རིམ་དང་། བློ་སྦྱོང་དོན་བདུན་མ། དགའ་ལྡན་ཕྱག་ཆེན་བཅས་ཞུས། ཕུར་བུ་ལྕོག་ཏུ་རྟོགས་པ་མངོན་དུ་གྱུར། ཕུར་ལྕོག་སྒྲུབ་སྡེའི་ཚོགས་པ་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་མཛད། ཆབ་མདོ་བྱམས་པ་གླིང་དང་། བཀྲ་ཤིས་ལྷུན་པོ། སྣར་ཐང་། ལྷ་ལྡན་རྒྱུད་ཁང་། སྙེ་ཐང་སོགས་སུ་ཕེབས། མདོ་སྔགས་ཀྱི་ཆོས་འཁོར་ལོ་བསྐོར། ཕུར་ལྕོག་སྒྲུབ་སྡེར་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། གྱ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ ༡༧༦༢ ལོར་སྐུ་གཤེགས། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ང་གསུམ་པ་ཡིན། གསུང་རྩོམ་ནི་སྟག་ཚང་ལོ་ཙཱ་བའི་བརྒལ་ལན་དང་། དྲིས་ལན་སོམ་ཉི་གཅོད་པའི་རལ་གྲི གསང་མགུར་བསླབ་བྱའི་རིམ་པ། སྐྱེས་བུ་ཆེན་པོའི་བློ་སྦྱོང་། འཁོར་ལོ་སྡོམ་པའི་བསྙེན་ཡིག སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག རྟེན་གསུམ་གསར་བཞེངས་ཀྱི་དཀར་ཆག། ལམ་ཁྲིད་འཇམ་དཔལ་ཞལ་ལུང་གི་དོགས་གཅོད། གཏོར་འབུལ་གྱི་རིམ་པ། བཅའ་ཡིག་གི་རིམ་པ། གྲྭ་ས་ཆེན་པོ་བཞི་དང་། རྒྱུད་སྟོད་སྨད་ཀྱི་ཆགས་ཚུལ་བཅས་ཆོས་ཚན་ང་གཉིས་བཞུགས། |