37315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕེཀྱཱ་ཞབས་དྲུང་བློ་བཟང་ངག་དབང་བསྟན་འཛིན་ (1)
Part of speech མིང་ཚིག
Definition ཕྱག་རྡོ་ཐང་ཡེ་ཧོར་ཕེ་ཀྱཱ་སྡེ་བར་ཡབ་ཏང་ཇིན་དང་། ཡུམ་པཱ་བཤུའ་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ལོ་མི་གསལ། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་ལས་རབ་བྱུང་དང་། དགེ་ཚུལ་བསྒྲུབས། གདན་སར་བཀོད། ལྷ་རམས་པ་བློ་བཟང་ཆོས་དར་དང་། ཁུར་ལུགས་སྨོན་རམས་པ་བཤད་སྒྲུབ་ཉི་མ་སོགས་སློབ་དཔོན་དུ་བསྟེན། ཚོགས་འདོན་གྱི་སྐོར་རྣམས་སྦྱངས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་དགོངས་དོན་ལེགས་པར་རྟོགས། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་བསྙེན་པར་རྫོགས། རབ་བྱུང་བཅུ་བཞི་པའི་ཤིང་གླང་ཕྱི་ལོ ༡༨༦༥ ལོར་སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ ༡༨༦༨ ལོར་སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་བཟུང་། ཁྲི་ཟུར་རྗེས་སྨད་ཕྱོགས་ཨ་བ་ག་ཧོའུ་ཤོ་སོགས་སུ་ཕེབས། སླར་སྐུ་འབུམ་དུ་ཕེབས། རྩེ་བླ་བྲང་ཆེན་མོ་གསར་བཞེངས་དང་། སྨན་པའི་འདུ་ཁང་གསར་གསོ། ཚོགས་ཁྲོ་ཆེན་མོ་གསར་བླུག་སོགས་ཀྱི་ཐེབས་སུ་དངུལ་སྲང་མང་པོ་བཞག། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་བཅུ་དགུ་པ་དང་། སྐུ་འབུམ་སྨན་པ་དཔོན་སློབ་ཀྱི་ཁྲི་རབས་ཞེ་བཞི་པ་ཡིན།