3754

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁམས་སྤྲུལ་ལྔ་པ་མི་ཕམ་སྒྲུབ་བརྒྱུད་ཉི་མ་ (1)
Part of speech མིང་ཚིག
Definition ཁོང་ནི། གཡོར་པོ་འཕྱིང་རུ། གངས་དཀར་ཕུ། སྟག་མདོ་གཞིས་ཀར། རབ་བྱུང་བཅུ་གསུམ་པའི་ལྕགས་གླང་ ༡༧༨༡ ལོར་འཁྲུངས། བལྟམས་མ་ཐག་དགེ་བསྙེན་སྤྲག་བཙན་གྱིས་མེལ་ཚེས་སྐྱོང་བའི་མཚན་མ་ཤིན་ཏུ་གསལ། མཐུ་ཆེན་ལྔ་པ་སོགས་ཀྱིས། རྗེ་ཆོས་ཀྱི་ཉི་མའི་སྐྱེ་སྲིད་དུ་ངོས་འཛིན། རིམ་གྱིས་གདན་སར་ཁྲིར་བཀོད། འབྲུག་ཆེན་བརྒྱད་པ། ཡོངས་འཛིན་ལྔ་པ་སོགས་དང༌། ཁྱད་པར་ཞབས་དྲུང་ལྔ་པའི་ཞལ་སྔ་ནས། གསར་རྙིང་གི་ཆོས་ཚུལ་རྫོགས་པར་བཞེས། མཚན་ཉིད་བླ་མ་བསོད་ནམས་རབ་འཕེལ་དང༌། བེ་ལོ་ཚེ་དབང་ཀུན་ཁྱབ་སོགས་བསྟེན་ནས། མདོ་སྔགས་རིག་པའི་གནས་ལ་གསན་བསམ་རྒྱ་ཆེར་མཛད། བོད་དབུས་རྟ་ཚག་རྗེ་དྲུང་ལས་ཚིགས་གསུམ་རིམ་རྫོགས་ཀྱིས་དགེ་སློང་གི་སྡོམ་པ་མནོས། ཆོས་སྲིད་གཉིས་ཆར་ནས་བདག་རྐྱེན་བཟང་པོ་གནང༌། རྗེ་འཇིགས་མེད་རྒྱལ་བའི་མྱུ་གུ་ལས། སྙིང་ཐིག་ཡ་བཞིའི་སྨིན་གྲོལ་རྫོགས་པར་གསན། སྒི་ལི་གཏེར་སྟོན་མཁའ་སྤྱོད་རྡོ་རྗེས་ཆོས་བདག་ཏུ་མངའ་གསོལ་ཞིང༌། རང་གཏེར་སྐོར་གྱི་སྨིན་གྲོལ་ཆིག་རྫོགས་སུ་ཕུལ། གཏེར་ཆོས་གཙོ་བོ་ཞི་ཁྲོའི་སྒྲུབ་པ་བཙུགས་པ་དང་ཉམས་བཞེས་ཀྱང་གནང༌། རྗེ་ཉིད་ལའང་སློབ་དཔོན་པདྨའི་བྱིན་རླབས་ཐོབ་པ་ལས། དགོངས་པའི་ཀློང་ནས་གུ་རུ་རྩ་གསུམ་དྲིལ་སྒྲུབ་ཆ་ལག་དང་བཅས་པའི་སྐོར་དང༌། སྤྱན་གཟིགས་སྒྲུབ་ཐབས་པདྨ་རྒྱ་ལྡན། སོགས་ཟབ་ལ་འདྲིལ་བ་དུ་མ་མཆིས། གུ་རུ་པདྨ། སྤྱན་རས་གཟིགས། སྒྲོལ་མ་སོགས། རྩ་གསུམ་ལྷ་ཚོགས་མང་པོའི་ཞལ་གཟིགས་དང་ལུང་བསྟན་བསྩལ། ཕ་བོང་གི་ངོས་སུ་སྐུ་རྗེས་སོགས་གྲུབ་རྟགས་མང༌། རྗེ་འདིས་གཙུག་ལག་ཁང་གསེར་ཟངས་ལས་བསྐྲུན་པའི་རྒྱ་ཕུབས་དང༌། གཙང་ཁང་དུ་ཐུབ་དབང་སྐུ། ཐོག་སོ་གསུམ་ཅན། གཡས་གཡོན་དུ་དེའི་ཕྱེད་མཉམ་བྱམས་པ་དང་འཇམ་དབྱངས་ཀྱི་སྐུ་གསེར་ཟངས་ལས་གྲུབ་པ་ཆ་ཚད་བྱོན་གཙང་བཞེངས་པ་སོགས་རྟེན་གསུམ་གསར་བསྐྲུན་གྱི་ཕྱག་རྗེས་ཆེ། འཁྲུལ་ཞིག་སྐུ་ཕྲེང་ལྔ་པས་ནང་ཆེན་དུ་གདན་དྲངས་ཏེ། འབྲུག་མདོ་སྔགས་བཤད་སྒྲུབ་ཆོས་གླིང་དུ་ཁམས་སྤྲུལ་གསུམ་པའི་ཞལ་གཟིགས་ཕྱག་བཞེས་ལྟར། སྤྱི་འདུས་གུ་རུའི་ཚེས་བཅུའི་སྒྲུབ་འཆམས་ཀྱི་རྒྱུན་བཙུགས་པས། དེ་ནས་བཟུང་ཚེས་བཅུ་དགོན་ཞེས་གྲགས་པ་བྱུང༌། གཞན་ཡང་སྟོད་སྨད་ཡུལ་ཁམས་སྤྱི་བྱེ་མང་པོའི་འཁོན་སྡུམ་སོགས། མི་དང་མི་མིན་གྱི་འགྲོ་བའི་དོན་རླབས་པོ་ཆེའི་ཕྲིན་ལས་བསྐྱངས་པས། ཐུགས་རྗེ་དང་ནུས་པ་ཆེ། བཤད་སྒྲུབ་སྔགས་གསུམ་ཀྱི་ཆོས་གྲྭ་རྣམ་པ་གསུམ་གྱིས་གཙོས། རང་ལུགས་དགོན་མ་ལག་དང་བཅས་པའི་བསྟན་པ་སྟོབས་ཀྱིས་གསོས་ཏེ་མཐར། དགུང་ལོ་རེ་བདུན་པ་མེ་ལུག་ ༡༨༤༧ ལོར་རེ་ཞིག་གཟུགས་སྐུ་ཆོས་དབྱིངས་སུ་སྙོམས་པར་ཞུགས་སོ། །རྗེ་འདིས་མཛད་པའི་བསྟོད་ཚོགས། འཕྲིན་ཡིག སྒྲུབ་རྗེས། བསངས་གསོལ། རྣམ་ཐར་སོགས་གསུང་འབུམ་པུ་ཏི་དྲུག་བདུན་ཙམ་བཞུགས། སློབ་མ་ཡང་མཐུ་ཆེན་བདུན་པ། ཡོངས་འཛིན་དྲུག་པ། འཁྲུལ་ཞིག་སྐུ་ཕྲེང་ལྔ་པ། རྡོར་རྫོང་དྲུག་པ། སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོ། རྣམ་གླིང་མཚན་སྤྲུལ་གཉིས་པ་བསོད་ནམས་བསྟན་འཛིན། རོང་མིའི་སྔགས་འཆང་དྷརྨ་ནཱ་ཐ། དགེ་ལྡན་ཀོ་རྒྱལ་དམ་ཆོས་སྤྲུལ་སྐུ། ཁྲོ་ཏམ་བླ་མ་ལ་སོགས་སྐྱེས་ཆེན་མང་དུ་བྱུང་ངོ༌། །

{{#arraymap:ཁམས་སྤྲུལ་ལྔ་པ་མི་ཕམ་སྒྲུབ་བརྒྱུད་ཉི་མ་

|; |@@@ | | }}