37615

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་ཆེན་གླིང་དགོན་ (1)
Part of speech མིང་ཚིག
Definition དགོན་འདིའི་མཚན་རྒྱས་པ་བཀའ་བརྒྱུད་པའི་བཤད་གྲྭ་ལུང་རིགས་སྨྲ་བའི་དགའ་ཚལ་འོད་གསལ་ཕྱག་རྒྱ་ཆེན་པོའི་གླིང་ཞུ། གདན་ས་འདི་ནི་ཁམས་ནང་ཆེན་རྫོང་ལྕི་ཆུ་གྲོང་རྡལ་དུ་གཏོགས་ཤིང་། གདན་ས་འདིར་མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས་དབུ་བཞུགས་ཀྱི་མཁན་སྤྲུལ་དང་གྲྭ་བཙུན་གཏན་བཞུགས་ཉིས་བརྒྱ་ལྷག་ཙམ་དང་། ཕྱོགས་ཁག་ནས་སློབ་སྦྱོང་ལ་ཕེབས་པ་ཡང་མང་པོ་ཡོད་པ་རྣམས་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་རྒྱུན་མར་ཡོད་ཀྱང་གཙོ་བོ་བཤད་པའི་གྲྭ་ཡིན། མཁན་ཆེན་མཆོག་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་ ༡༩༧༠ ལོར་སྐུ་འཁྲུངས། གྲུབ་ཆེན་ཀར་ནོར་རིན་པོ་ཆེས་བུ་འདི་བསྟན་པ་ལ་ཕན་ཐོགས་པ་ཞིག་འོང་བ་འདུག་པས། མཚན་བསྟན་པ་རབ་རྒྱས་ཞེས་གསོལ། དགུང་ལོ་བཅུ་བཞིའི་ཐོག་འཛི་སྒར་དགོན་དུ་ཆོས་ཞུགས་གནང་། མཁན་ཆེན་དོན་བརྒྱུད་ཉི་མའི་ཞབས་པད་སྤྱི་བོར་བླངས་ཏེ་གཞུང་ལུགས་ ༣༥ ཡས་མས་ཤིག་གསན་སྦྱོང་དཔྱིས་ཕྱིན་པར་གནང་། དེ་བཞིན་རི་བོ་དགེ་ལུགས་པ་དང་། དཔལ་ས་སྐྱ་པ། སྔ་འགྱུར་རྙིང་མ། བཀའ་བརྒྱུད་པ་སོགས་མདོར་ན། གསར་རྙིང་ནང་བསྟན་རྒྱ་མཚོའི་ཕ་རོལ་ཏུ་སོན་ཕྱིར། རིས་མེད་ཀྱི་བཤེས་གཉེན་དུ་མ་བསྟེན། ཐོས་བསམ་གྱི་ཤེས་རབ་མཆོག་ཏུ་རྒྱས་ནས། མཁན་ཆེན་དོན་བརྒྱུད་ཉི་མ་དང་། མཁས་དབང་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་སོགས་ཀྱིས་མཁན་ཁྲིར་མངའ་གསོལ་གནང་། ལུང་རིགས་སྨྲ་བའི་དགའ་ཚལ་གྱི་བཤད་གྲྭ་གསར་འཛུགས་གནང་། དེར་གཞུང་ཆེན་རྣམས་དང་། རིགས་ལམ་གནམ་ལྕགས་ཐོག་མདའ་སོགས་ཚད་མ། སྙན་ངག་དང་མངོན་བརྗོད། སུམ་རྟགས་དག་ཡིག་སོགས་ལ་མཁས་དབང་འདི་ལྟ་བུ་ཞིག་ད་ལྟ་བོད་ཆེན་པོའི་ས་སྟེང་འདིར་དཀོན་ནོ། །ཆེས་ཕུལ་དུ་བྱུང་བའི་གསུང་རྩོམ། པར་སྐྲུན་ཞུས་ཟིན་པ། བསྡུས་ཚད་དབུ་གསུམ་གྱི་དཀའ་འགྲེལ་ལེགས་བཤད་ཉི་མའི་འོད་ཟེར། ཙཱ་རིའི་གནས་ཡིག་དད་གསུམ་འདྲེན་པའི་ཤིང་རྟ། གྲུབ་མཐའི་བསྟན་བཅོས་མི་ཤིགས་རྡོ་རྗེའི་གོ་ཆ། རིགས་ལམ་གནམ་ལྕགས་ཐོག་མདའ་པོད་གསུམ། ཤེར་ཕྱིན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་དགོངས་རྒྱན། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཆོས་ཀྱི་གྲགས་པའི་དགོངས་རྒྱན་སོགས། གསུང་རྩོམ་ལེགས་སྐྱེས་སུ་འབུལ་གནང་མཛད་ཟིན་པ་དང་། མཛད་བཞིན་པ། མཛད་འཆར་བཅས་དང་། སྐུ་དངོས་ཀྱིས་གྲྭ་སྡིངས་པོ་ཆེ་དང་། གདན་ས་ཆེན་པོ་ར་ལུང་། གཙང་ཐེག་མཆོག་གླིང་། གཙང་བསམ་འགྲུབ་ཆོས་སྡིངས། གནམ་འབྲུག་དགོན། བྱར་གསང་སྔགས་ཆོས་གླིང་། འབྲུག་བདེ་ཆེན་ཆོས་འཁོར། དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་། ཡར་འབྲོག་བྲག་དགོན་སོགས་དབུས་གཙང་ཁུལ་གྱི་གདན་ས་ཁག་དང་། ཁམས་སུ། འབྲུག་པ་དགོན། གླིང་ཆུ་ངོགས་དགོན། དྷི་ཁྱིམ་འབྲུག་པ་དགོན། ནང་ཆེན་སྐྱོ་བྲག་དགོན། ནང་ཆེན་ཚེས་བཅུ་དགོན། གླིང་བསྟན་འཕེལ་དགོན། ཚ་སྒང་སྒྲོལ་མ་ལྷ་ཁང་སོགས་སུ་ཞབས་ཀྱིས་བཅགས། དེང་སྐབས་སུའང་གདན་ས་འདི་ནས་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་བུ་མང་པོ་ཐོན་བཞིན་པ་མ་ཟད། དགོན་སྡེ་གཞན་དུ་མཁན་པོར་མངགས་པ་ཡང་མང་པོ་མཐོང་ཆོས་སུ་གྱུར་ཡོད་པ་ནི་དམ་པ་འདིའི་མཛད་འཕྲིན་ཞིག་གོ །

{{#arraymap:ཕྱག་ཆེན་གླིང་དགོན་

|; |@@@ | | }}