37751

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱག་རྒྱ་ (1)
Part of speech མིང་ཚིག
Definition བཀའ་འགྱུར་དྲི་མེད་འོད་ཤྲཱི་པར་བཞུགས།

{{#arraymap:ཕྱག་རྒྱ་

|; |@@@ | | }}

ཕྱག་རྒྱ་ (2)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་དངོས་པོའི་བྱེ་བྲག་ཅིག་སྟེ། དཀོན་ཅོག་འགྲེལ་ལས། ཕྱག་རྒྱ་ཞེས་བྱ་བ་ནི། བདག་ཉིད་ཆེན་པོ་རྣམས་ཀྱི་སྐུ་གསུང་ཐུགས་མཚོན་པའི་མཚན་མར་གྱུར་པ་ལ་བྱ་སྟེ། འདི་ལས་བརྒྱུད་ནས་ནི་མཚན་མ་མེད་པའི་དོན་དང་། བདག་ཉིད་ཆེན་པོ་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཡང་ཕྱག་རྒྱ་ཞེས་བྱ་བའི་སྒྲ་འཇུག་གོ ། མཚོན་པའི་ཕྱག་རྒྱ་དེ་ཡང་མཚོན་པའི་མཚན་ཉིད་བཞི་དང་ལྡན་པ་སྟེ། བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མར་གྱུར་པ་དང་གང་གིས་ཀྱང་འདའ་གཞིག་ཏུ་མི་རུང་བ་དང་། ཆོས་ཀྱི་རྒྱལ་པོ་ཉག་གཅིག་གིས་ཡིན་གྱི་ཐུན་མོང་མ་ཡིན་པ་དང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྒྲུབ་པར་ནུས་པའོ། །ཡང་གསུམ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་ཆེན་པོའི་གཟུགས་བརྙན་དུ་གྱུར་པ། རྣམ་པར་ཐར་པའི་སྒོ་མཐའ་ཡས་པ་མཚོན་པའི་གནས་སུ་གྱུར་པ་ལས་དང་དངོས་གྲུབ་ཐམས་ཅད་པའོ། །དེ་ལ་ཅིའི་ཕྱིར་ཕྱག་རྒྱ་ཞེས་བྱ་ཞེ་ན། མུ་དྲ་ཞེས་བྱ་བ། མུ་དྲ་ན་མུ་དྲ་སྟེ། འདེབས་ཤིང་མཚོན་པས་ན་ཕྱག་རྒྱ་ཞེས་བྱའོ། །ཞེས་དང་། རྣམ་པ་གཅིག་ཏུ་ན། མུ་དྲ་ན་ད་མུ་དྲ་སྟེ། དགྱེས་པ་བསྐྱེད་པས་ན་ཕྱག་རྒྱ་ཞེས་བྱ་སྟེ། བྱ་བ་དང་རྣལ་འབྱོར་ཕྱི་པའི་ཚུལ་ལྟར་ན་ཡང་། ཕྱག་རྒྱ་ནི་མོའི་རྟགས་དང་ཡང་ལྡན་པ་ཡིན་པས། ལྷ་མོ་རྣམས་སྦས་པའི་སྐུ་སྟེ། ཞེས་དང་། རྣལ་འབྱོར་ཆེན་པོའི་ཚུལ་ལྟར་ན་ཡང་བུད་མེད་ཉིད་ལ་ཕྱག་རྒྱའི་སྒྲར་བཤད་དེ། དེ་ལྟར་ན་ཕྱག་རྒྱ་བུད་མེད་ཀྱི་སྒྲར་བཤད་པ་དང་། ཞེས་དང་། ཡང་། མུ་ནི་གྲོལ་བ་དང་། ད་ར་ནི་བཅིངས་པ་སྟེ། བདག་དང་གཞན་འཆིང་བ་དང་གྲོལ་བའི་ལས་བྱེད་པའམ། སོ་སོར་བཅིངས་པ་ལས་འགྲོལ་བར་བྱེད་པའི་ལས་བྱེད་པས། བཅིང་གྲོལ་གྱི་དོན་གྱིས་ཕྱག་རྒྱ་ཞེས་བྱའོ། །ཡང་། མུ་ནི་ཆེན་པོ། ད་ར་ནི་འཇོམས་པ་སྟེ། དོན་ཆེན་པོ་ལ་གེགས་བྱེད་པ་རྣམས་འཇོམས་པའམ། བགེགས་ཆེན་པོར་གྱུར་པ་མི་ཤིགས་པའི་གྲོང་ཁྱེར་ཆེན་པོ་འཇོམས་པར་བྱེད་པས་འཇོམས་པས་ན་ཕྱག་རྒྱ་ཞེས་བྱའོ། །ཡི་གེ་གསུམ་པོ་སོ་སོར་ཕྲལ་ཏེ་བཤད་ན། མུ་ནི་མུ་ལ་སྟེ། རྩ་བ་ལ་འཇུག་པས། ཕྱག་རྒྱས་བསྲུང་ན་དམ་ཚིག་མི་ཉམས་པས་དམ་ཚིག་གི་རྩ་བ་ཞེས་བཤད་དོ། །ད་ནི་ཧེ་དུ་སྟེ། དབུ་རྒྱན་ལ་སོགས་པའི་རྒྱས་བཏབ་ན་དབང་དང་ལྡན་པར་འགྱུར་བས་དབང་བསྐུར་བའི་རྒྱུ་ཞེས་བཤད་དོ། །ར་ནི་སྠིར་སྟེ་བརྟན་པའི་དོན་ལ་འཇུག་པས་ཕྱག་རྒྱས་བྱིན་གྱིས་བརླབས་ན་ལུས་བརྟན་ཞིང་བགེགས་ལ་སོགས་པས་མི་ཕྱེད་པར་འགྱུར་བས་ལུས་བརྟན་པར་བྱེད་པའི་ཕྱིར་ཕྱག་རྒྱ་ཞེས་བྱའོ། །དེ་ལྟར་ཡང་གསུངས་པ། འདི་ནི་དམ་ཚིག་རྩ་བ་སྟེ། །དབུ་རྒྱན་བཅིངས་པ་རྒྱུ་ཡི་མཆོག ། གང་གི་ལུས་ཀུན་བརྟན་པས་ན། །ཕྱག་རྒྱ་ཞེས་ནི་བྱ་བ་ཡིན། །ཞེས་གསུངས་པ་ལྟ་བུའོ། །འདི་ནི་ཕྱག་རྒྱ་སྤྱིའི་ངེས་པའི་ཚིག་གོ ། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཕྱག་རྒྱ་

|; |@@@ | | }}

ཕྱག་རྒྱ་ (3)
Part of speech མིང་ཚིག
Definition རྣལ་འབྱོར་རྒྱུད། ངོ་བོ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དབྱིངས་དང་ཡེ་ཤེས་དང་། དེ་དང་རྗེས་སུ་མཐུན་པའི་མཚན་མ་དང་གཟུགས་སོགས་རྣམས་ལ་ཡང་ཕྱག་རྒྱ་ཞེས་བྱ་སྟེ་དེ་ཉིད་འདུས་པ་ལས། གང་དང་གང་གིས་རྒྱས་བཏབ་པ། །དེ་ནི་དེ་ཡི་རང་བཞིན་ཡིན། །ཞེས་སོ། །ངེས་ཚིག་ནི། མུ་དྲ་ཞེས་པ་རྒྱ་སྟེ་མི་འདའ་བའི་དོན་ལ་བྱའོ། །མིང་གི་རྣམ་གྲངས་གཞན་མཚན་མ་དང་། རྟགས་དང་གཟུགས་བརྙན་སོགས་དུ་མར་གསུངས། དབྱེ་བ་ནི། བརྗོད་བྱ་དོན་དང་། རྗོད་བྱེད་ཚིག་གཉིས་ལས་དང་པོ་ལའང་གཞི་ལམ་འབྲས་གསུམ། དེ་རེ་རེའང་བཞི་བཞི་སྟེ། གཞིའམ་སྦྱང་གཞི་ལ། ཀུན་དང་ས་ཁམས་ནི་ཕྱག་ཆེན། ཉོན་ཡིད་དང་ཆུ་ཁམས་ནི་དམ་རྒྱ། ཡིད་ཤེས་དང་མེ་ཁམས་ནི་ཆོས་རྒྱ། དབང་ཤེས་ལྔ་དང་རླུང་ཁམས་ནི་ལས་རྒྱ་ཡིན་ནོ། །སྦྱོང་བྱེད་ལམ་ལ་ཡང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་སོགས་ནི་ཕྱག་ཆེན། མཚན་མེད་དང་སྦྱིན་པའི་ཕར་ཕྱིན་སོགས་དམ་རྒྱ། སྨོན་མེད་དང་ཤེས་རབ་སོགས་ཆོས་རྒྱ། མངོན་པར་འདུ་མི་བྱེད་པ་དང་བརྩོན་འགྲུས་སོགས་ལས་རྒྱའོ། །འབྲས་བུ་ལ། མེ་ལོང་ཡེ་ཤེས་དང་ངོ་བོ་ཉིད་སྐུ་ནི་ཕྱག་ཆེན། མཉམ་ཉིད་ཡེ་ཤེས་དང་མཚན་དཔེའི་སྐུའམ་ལོངས་སྐུ་ནི་དམ་རྒྱ། སོར་རྟོག་ཡེ་ཤེས་དང་ཡེ་ཤེས་ཆོས་སྐུ་ནི་ཆོས་རྒྱ། བྱ་གྲུབ་ཡེ་ཤེས་དང་སྤྲུལ་སྐུ་ནི་ལས་རྒྱའོ། །ཡང་རྣལ་འབྱོར་གཙོ་བོར་བྱས་པའི་བརྡ་ཆད་ལ་ལྷ་སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་རྒྱ། ཐུགས་དམ་རྒྱ། མཛད་པ་ཕྲིན་ལས་ལས་རྒྱར་བཤད་ཅིང་། ལྷའི་སྐུ་ཉིད་ལ་ཡང་། སྤྱན་མ་དང་རྡོར་སེམས་ཕྱག་ཆེན། མ་མཱ་ཀི་དང་རྡོ་རྗེ་རིན་ཆེན་དམ་རྒྱ། གོས་དཀར་མོ་དང་རྡོ་རྗེ་ཆོས་ཆོས་རྒྱ། སྒྲོལ་མ་དང་རྡོ་རྗེ་ལས་རབ་ལས་རྒྱར་བཤད་པ་སོགས་དུ་མ་ཡོད་ལ། དེ་དག་གི་རྒྱུ་མཚན་ནི་མངོན་པར་བྱང་ཆུབ་པ་ལྔ་དང་། བྱང་ཆུབ་སེམས་ཀྱི་དབང་སོགས་དབང་བཞིའི་དོན་དང་སྦྱར་ནས་ཤེས་དགོས་མོད་འདིར་ནི་དབྱེ་བ་ཙམ་ཞིག་བསྟན་པའོ། །དེར་མ་ཟད་བཞི་པོ་ལའང་ཕྱི་རོལ་དུ་བྲིས་པའམ་ལུས་ཀྱི་འདུ་བྱེད་དང་བརྗོད་པ་སོགས་ཕྱི་ཡིད་ཀྱི་སྐུ་དང་རྡོ་རྗེ་སོགས་བསྒོམ་པ་ནང་ཤེས་ཞེས་ཀྱང་དབྱེའོ། །རྗོད་བྱེད་ཚིག་གི་ཕྱག་རྒྱ་ནི་དོན་དེ་དག་སྟོན་བྱེད་ཀྱི་སྒྲའི་ཚོགས་ཏེ་དེ་ཉིད་བསྡུས་པ་དང་དཔལ་མཆོག་སོགས་ཀྱི་དུམ་བུ་བཞི་ཕྱག་རྒྱ་བཞིར་སྦྱར་བ་ལྟ་བུའོ། །རྒྱས་གདབ་ཚུལ་ནི། གཞི་ལམ་འབྲས་གསུམ་གྱི་ཕྱག་རྒྱ་བཞིའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པར་བྱས་ནས། བསྒྲུབ་བྱ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་སྒྲུབ་ཚུལ་ལ་ཆོ་གས་བསྒྲུབ་པའི་ཕྱག་རྒྱ་བཞིའི་རྒྱས་གདབ་ཅེས་བཤད་དོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །

{{#arraymap:ཕྱག་རྒྱ་

|; |@@@ | | }}