38228
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། གསང་སྔགས་ཐེག་པ་ཆེན་པོའི་ལམ་གྱི་སྐབས་སུ་ཉམས་སུ་བླང་བར་བྱ་བ་སྟེ། འོན་ཀྱང་གསང་སྔགས་ཀྱི་དབང་དམ་མེད་པའི་རིགས་ལ་མི་སྟོན་ཞིང་། རྒྱ་མཚོའི་གཏིང་གི་ཆུ་སྲིན་གྲེ་ནང་དུ་ནོར་བུ་སྦས་པ་བཞིན་ཡིད་སེམས་ཀྱི་དཀྱིལ་གཏིང་དུ་གབ་ཅིང་སྦ་བར་བྱ་བའི་གསང་བྱའི་བོན་སྟེ། དེ་ཡང་གྲངས་ནི། འགུ་ཡ་ལས། ཕྱི་ཡི་གསང་བ་རྣམ་བཞི་ནི། སྦྱོར་དང་སྒྲོལ་བ་ལས་སོགས་ཏེ། ལྟ་བ་ཟབ་མོ་གསང་བ་དང་། གཟུངས་མ་མཚན་ལྡན་ལས་སོགས་ཏེ། སྤྱོད་པ་རླབས་ཆེན་གསང་བ་དང་། ཡི་དམ་ལྷ་ཡི་མཚན་དང་ནི། རང་ལ་བཏགས་པའི་གསང་མཚན་གསང་། གྲུབ་པའི་རྟགས་རྣམས་གསང་བ་སྟེ། ཞེས་པས། དེ་ཡང་སྦྱོར་སྒྲོལ་ལ་སོགས་ལྟ་བ་ཟབ་མོ་དང་གཅིག། གཟུངས་མ་བསྟེན་པ་ལ་སོགས་སྤྱོད་པ་རླབས་ཆེན་དང་གཉིས། དབང་དམ་ཞུ་ཡུལ་གྱི་ཡི་དམ་ལྷའི་གསང་མཚན་དང་དབང་དམ་ཞུས་པ་ལས་གནང་བའི་རང་གི་གསང་མཚན་དང་གསུམ། བསྙེན་བསྒྲུབ་ལ་སོགས་ཉམས་ལེན་བརྩོན་པ་ལས་ཐོབ་པའི་ཐུན་མོང་གི་གྲུབ་རྟགས་ཉམས་སྣང་དང་བཞི་སྟེ། མདོར་ན། ལྟ་བ་ཟབ་མོ། སྤྱོད་པ་རླབས་ཆེན། གསང་མཚན། གྲུབ་རྟགས་བཅས་སོ། ། གསང་བའི་དགོས་པ་ནི། དེ་ཉིད་ལས། གཤེན་རབ་སྤྱི་ཡི་གསང་བ་སྟེ། མ་གསང་དངོས་གྲུབ་ཡལ་བར་འགྱུར། ཞེས་པ་ལྟར། གསང་བ་སྔགས་ཀྱི་ཐེག་སྒོ་ལ་འཇུག་པའི་སྒྲུབ་གཤེན་སྤྱིའི་གསང་བྱ་སྟེ། དེ་ཡང་ལྟ་སྤྱོད་སོགས་གསང་བྱའི་བོན་དེ་དག་ལ་མཚང་སྐྱོན་ཡོད་པ་མ་ཡིན་ནའང་། མ་གསང་ནས་གཞན་ལ་སྨྲས་པས་རང་ལ་དངོས་གྲུབ་ཡལ་ཞིང་གཞན་གྱིས་གསང་སྔགས་ཀྱི་བོན་ལ་མཚང་སྐྱོན་བརྗོད་པས་ངན་སོང་དུ་ལྟུང་བར་འགྱུར་བས་ན། རང་གཞན་གཉིས་ཀའི་དོན་དུ་གསང་བ་ཡིན་ནོ། ། |
| Domain | ཆོས་ལུགས། |