38343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་ལྡོག་པའི་རྟགས་སུ་གྱུར་པའི་ཡང་དག་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། བསྟན་བཅོས་རྩ་བར་ཕྱིར་མི་ལྡོག་པ་ཙམ་བསྒྲུབ་བྱའི་ཆོས་སུ་བྱས་ནས་གཏན་ཚིགས་འགོད་པར་གསུངས་པ་ལྟར་ན་མ་དམིགས་པའི་གཏན་ཚིགས་ཡིན་ཞིང། མདོར་རྣམ་པ་དེ་དག་དང། རྟགས་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་སེམས་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གཟུང་བར་བྱའོ། །ཞེས་པའི་འགྲེལ་པར་འགྲེལ་ཆེན་དུ། ནུས་པའི་རྒྱུ་ཡི་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །ཞེས་སོགས་གསུངས་པ་ལྟར་ན། རྒྱུ་ཚོགས་གྲངས་ཚང་གི་རྟགས་ལས་འབྲས་བུ་འབྱུང་རུང་སྒྲུབ་པར་བྱེད་པའི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འགྲེལ་ཆུང་དུ། དེ་ལྟར་ན་བཟོད་པ་དང་ཤེས་པའི་སྐད་ཅིག་མ་བཅུ་དྲུག་གིས་བསྡུས་པ་ཞེས་སོགས་གསུངས་པ་ལྟར་ན། འབྲས་བུའི་གཏན་ཚིགས་ཡིན་ནོ། །འོ་ན་དེ་དག་ཇི་ལྟར་ངེས་ཞེ་ན། གཏན་ཚིགས་བཞི་བཅུ་ཞེ་བཞི་པོ་རེ་རེའི་སྟེང་དུ་ཡང་རྗེས་ཐོབ་ལུས་ངག་གི་སྤྱོད་པའི་རྟགས་ལས་མཉམ་གཞག་གི་རྟོགས་པ་དཔོག་པའི་ཚེ་ན་འབྲས་བུའི་གཏན་ཚིགས་ཡིན་ཏེ། འབྲས་བུ་རྟགས་སུ་བཀོད་ནས་རྒྱུ་སྔོན་དུ་སོང་བར་བསྒྲུབ་པའི་ཕྱིར་རོ། །སྟོང་ཉིད་ལ་སྒོམ་བྱུང་གཙོ་བོར་གྱུར་པའི་མཉམ་གཞག་གི་རྟགས་ལས་ཐེག་པ་གཞན་གྱིས་བར་མ་ཆོད་པར་རྫོགས་པའི་བྱང་ཆུབ་འབྱུང་རུང་དཔོག་པའི་ཚེ་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། རྒྱུ་ཚོགས་གྲངས་ཚང་རྟགས་སུ་བཀོད་ནས་འབྲས་བུ་འབྱུང་རུང་སྒྲུབ་པའི་ཕྱིར་རོ། །དེ་ལྟ་བུའི་བསྒྲུབ་བྱའི་ཆོས་རྟགས་སུ་བཀོད་པ་ལས་གནས་སྐབས་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་སྒྲུབ་པའི་ཚེ་མ་དམིགས་པའི་གཏན་ཚིགས་ཡིན་ཏེ། ཕན་ཚུལ་སྤང་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་རྟགས་སུ་བཀོད་ནས་གནས་སྐབས་རྫོགས་བྱང་ལས་ཕྱིར་ལྡོག་པ་བཀག་པ་ཙམ་བསྒྲུབ་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། ། དེ་ལྟར་བཤད་པའི་གཏན་ཚིགས་གསུམ་རྒོལ་བའི་རྒྱུན་གཅིག་ལ་རིམ་ཅན་དུ་བཀོད་ན། ཕྱི་མ་ཕྱི་མའི་ཕྱོགས་ཆོས་སྒྲུབ་བྱེད་དུ་སྔ་མ་སྔ་མ་བཀོད་པ་ཡིན་གྱིས། རྒོལ་བ་དེའི་ངོར་སེམས་དཔའ་ཕ་རོལ་པོ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་གཏན་ཚིགས་དངོས་ནི། གཏན་ཚིགས་གསུམ་པ་ཉིད་ཡིན་ཏེ། རྒོལ་བ་དེའི་ངོར་གཏན་ཚིགས་སྔ་མ་སེམས་དཔའ་ཕ་རོལ་པོ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་ན། ཕྱི་མ་གཉིས་གྲུབ་ཟིན་སྒྲུབ་པའི་གཏན་ཚིགས་སུ་འགྱུར་བའི་ཕྱིར། ཡང་རྒོལ་བ་སོ་སོ་ལ་ལྟོས་ནས་གཏན་ཚིགས་སྔ་མ་དེ་ཙམ་སེམས་དཔའ་ཕ་རོལ་པོ་ཕྱིར་མི་ལྡོག་ཏུ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བ་ཡང་ཡོད། གཉིས་པ་དེ་ཙམ་དེར་སོང་བ་ཡང་ཡོད། གསུམ་པ་དེ་ཙམ་དེར་སོང་བ་ཡང་ཡོད་པས། དེའི་ཚེ་ན་འགོད་ཡུལ་གྱི་རྒོལ་བ་དེའི་ངོར་གང་རྟགས་ཡང་དག་ཏུ་འགྲོ་བའི་གཏན་ཚིགས་གང་རུང་གཅིག་བཀོད་པས་ཆོག་གི། གསུམ་ཀ་འགོད་མི་དགོས་པ་ནི་གནད་ཀྱི་དོན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཀུན་མཁྱེན་བླ་མའི་དགོངས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།