38596

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱོགས་བཅུའི་མུན་སེལ་ (1)
Part of speech མིང་ཚིག
Definition མུན་སེལ་སྐོར་གསུམ་གྱི་ཡ་གྱལ་ཕྱོགས་བཅུའི་མུན་སེལ་ནི། ཀུན་མཁྱེན་དྲི་མེད་འོད་ཟེར་རམ་གཞུང་འདིའི་མཛད་བྱང་དུ་མཚན་གྱི་རྣམ་གྲངས་ལ་ཐེག་པ་མཆོག་གི་རྣལ་འབྱོར་པ་རྡོ་རྗེ་གཟི་བརྗིད་དུ་གྲགས་པ་གང་དེས། ཉིད་ཀྱི་དངོས་སློབ་བློ་བཟང་དགེ་བའི་འབྱུང་གནས་དང་། ཤཱཀྱ་ཡེ་ཤེས་བཟང་པོས་བསྐུལ་ངོར། འབྲུག་གི་ལོ་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་བའི་ཉི་ཤར་ལ་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་དུ་མཛད་ཅིང་། གཞུང་འདིའི་མཚན་རྒྱས་པར། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བའམ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བའི་རྣམ་བཤད་ཉི་ཟླའི་སྤྲིན་གྱི་སྣང་བ་ཆེན་པོས་ཕྱོགས་བཅུའི་མུན་པ་ཐམས་ཅད་ངེས་པར་སེལ་བ་ཞེས་ཞུ། ནང་དོན་གྱི་བརྗོད་བྱ་ནི། རྒྱུད་འགྲེལ་འདིའི་བརྩམ་པར་དམ་བཅའ་བའི་སྐབས། ཟབ་ཅིང་རྒྱ་ཆེའི་རྒྱུད་དོན་ཉི་མ་བདག་བློའི་སྤྱོད་ཡུལ་མ་གྱུར་ནའང་། །དམ་པའི་ལེགས་བཤད་མིག་ཐུར་དབྱེ་བས་ཚིག་དོན་རྣམ་བཀྲའི་གཟུགས་སྣང་བ། །ཇི་སྙེད་ཇི་བཞིན་དེ་ཉིད་དོན་མཐོང་ལུང་རིགས་མན་ངག་ལ་བརྟེན་ནས། །སྐལ་བཟང་སློབ་མས་བསྐུལ་བའི་དོན་དུ་ངེས་དོན་སྙིང་པོ་འདིར་གསལ་བྱ། །ཞེས་དང་། གསང་སྔགས་ནང་པ་བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རྣམས་ཕྱི་ནང་གསང་བ་གསུམ་དུ་སྣང་བའི་གསང་བ་ལ་ཡང་། བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས། འདིར་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་རང་སྣང་བའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་ཉིད་སྟོན་པར་བྱེད་དོ། །ཞེས་གསུངས་པ་ལྟར། སྔགས་ཀྱི་རྒྱུད་དོན་ཟབ་མོ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མཐའ་དག་ལུང་རིགས་མན་ངག་གསུམ་དང་བསྡེབས་ཏེ་བསྐྱེད་རྫོགས་དབྱེར་མེད་སེམས་དང་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་བསྟན་པ་ཟབ་པ་ཐུན་མིན་གྱི་ལུགས་ཨ་ཏིའི་དགོངས་པ་ལྟར་རྣམ་པར་བཀྲལ་ཅིང་། རྗོད་བྱེད་ཀྱི་རིམ་པ་ལའང་རྩ་རྒྱུད་དང་མཐུན་པར་ལེའུ་ཉེར་གཉིས་ཀྱི་བདག་ཉིད་དུ་གསུངས་པ་ཞིག་ཡིན།
Domain ཆོས་ལུགས།