From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྲ་རྒྱས་སྤོང་བའི་གཉེན་པོ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། གཉེན་པོ་དུ་ཡོད་ཅེ་ན། གཉེན་པོ་དབྱེ་ན་རྣམ་པ་བཞི་སྟེ། སྤོང་བའི་གཉེན་པོ་བར་ཆད་མེད་ལམ་དང་གཞིའི་གཉེན་པོ་དེ་ཡན་ཆད་ཀྱི་ལམ་བྲལ་ཐོབ་ཀུན་ཏུ་འཛིན་པ་དང་། ཐག་བསྲིང་བའི་གཉེན་པོ་རྣམ་གྲོལ་ལམ་ཡན་ཆད་དོ། །རྣམ་པར་སུན་འབྱིན་པའི་གཉེན་པོ་ཁམས་དེ་ལ་སྐྱོན་དུ་མཐོང་ནས་སུན་འབྱིན་པའོ། །དེས་ན་སྡུག་ཀུན་ལ་དམིགས་པའི་སྤང་པའི་གཉེན་པོའང་སུན་འབྱིན་པའི་གཉེན་པོ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
ཕྲ་རྒྱས་སྤོང་བའི་གཉེན་པོ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
གཉེན་པོ་ནི་རྣམ་པ་བཞི་སྟེ། སྤོང་བའི་གཉེན་པོ་དང་། གཞི་གཉེན་པོ་དང་། ཐག་སྲིང་བའི་གཉེན་པོ་ཉིད་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱའོ། །དེ་ལ་དང་པོ་ནི་གང་གིས་ཉོན་མོངས་པའི་ཐོབ་པ་གཅོད་པ་སྟེ་བར་ཆད་མེད་པའི་ལམ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པའོ། །གཉིས་པ་ནི་བར་ཆད་མེད་པའི་ལམ་གྱིས་སྤངས་པའི་བྲལ་ཐོབ་འཛིན་པ་སྟེ་བར་ཆད་མེད་པའི་ལམ་དང་པོ་མ་གཏོགས་པ་སྡུག་བསྔལ་ལ་ཆོས་ཤེས་པ་ལ་སོགས་པ་རྣམ་པར་གྲོལ་བའི་ལམ་མོ། །དེས་ན་བར་ཆད་མེད་ལམ་དང་པོ་ནི་སྤོང་བའི་གཉེན་པོ་ཁོ་ན་ཡིན་གྱི་གཞི་གཉེན་པོ་ནི་མ་ཡིན་ནོ། །གསུམ་པ་ནི་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་མ་གཏོགས་པ་དེ་ཡན་ཆད་ཀྱི་ཁྱད་པར་གྱི་ལམ་སྟེ་ཐོབ་པ་ཐག་བསྲིང་པའི་ཕྱིར་རོ། །དེས་ན་རྣམ་གྲོལ་གྱི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་དེ་ནི་གཞི་གཉེན་པོ་ཁོ་ན་ཡིན་ནོ། །ཁ་ཅིག་ན་རེ་རྣམ་གྲོལ་གྱི་ལམ་དང་པོ་དེས་ཀྱང་ཐོབ་པ་ཐག་བསྲིང་པས་ཐག་བསྲིང་གི་གཉེན་པོའང་ཡིན་ནོ་ཞེེས་ཟེར་རོ། །བཞི་བ་ནི་བདེན་པ་གཉིས་ལ་དམིགས་པའི་ལམ་གང་གིས་དམིགས་པ་དེ་མི་རྟག་པ་ལ་སོགས་པའི་རྣམ་པར་སུན་འབྱིན་པའོ། །དེས་ན་འདི་སྐད་དུ་བདེན་པ་དང་པོ་གཉིས་ལ་དམིགས་པའི་སྤོང་བའི་གཉེན་པོ་ལ་སོགས་པ་སུན་འབྱིན་པའི་གཉེན་པོའང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །སོ་སོའི་ངོ་བོ་ནི་རང་གི་ངོས་སྐལ་གྱི་སྤང་བྱ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་དེ་སྤོང་བ་གཉེན་པོ། རང་རྒྱུ་བར་ཆད་མེད་ལམ་གྱིས་ངོས་སྐལ་གྱི་སྤང་བྱ་སྤངས་བའི་བྲལ་ཐོབ་འཛིན་པའི་རྣམ་གྲོལ་ལམ་དེ་གཞིའི་གཉེན་པོ། རང་རྒྱུ་བར་ཆད་མེད་ལམ་གྱིས་སྤངས་པའི་སྤང་བྱའི་ཐོབ་པ་ཐག་སྲིང་བར་བྱེད་པའི་ཁྱད་པར་གྱི་ལམ་དེ་ཐག་སྲིང་བའི་གཉེན་པོ། རང་གི་སྤང་བྱ་ལ་སྐྱོན་དུ་མཐོང་ནས་རྣམ་པར་སུན་འབྱིན་པར་བྱེད་པའི་སྦྱོར་ལམ་དེ་སུན་འབྱིན་པའི་གཉེན་པོ་ཡིན། འདི་དག་འདོད་པའི་སྡུག་བསྔལ་མཐོང་སྤང་སོགས་སྤང་བྱ་སོ་སོ་ལ་སྦྱར་ནས་ངོས་འཛིན་ཚུལ་ཡང་ཤེས་པར་བྱའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
|