38848

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྲིན་ལས་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་དང་། ལྷུན་གྱིས་གྲུབ་པའི་ཕྲིན་ལས་བཅས་ལྔ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཕྲིན་ལས་ལྔ་ནི་མཛད་པ་ལྔ་སྟེ། གདུལ་བྱའི་རྒྱུད་མཉེན་ཞིང་ཞི་བར་མཛད་པ་དང་། ཆོས་དང་ཟང་ཟིང་གིས་སེམས་ཅན་ཚིམ་ཞིང་རྒྱས་པར་མཛད་པ་དང་། འགྲོ་བ་དབང་དུ་མཛད་པ་དང་། གདུག་པ་ཅན་རྣམས་མངོན་སྤྱོད་དྲག་པོས་ཚར་གཅོད་པ་དང་། རིགས་ཐམས་ཅད་ཀྱི་བདག་པོས་ཕྱོགས་དང་རིས་ཐམས་ཅད་དུ་ཉེ་རིང་མེད་པར་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། གདུལ་བའི་བྱ་བ་ཐ་དད་པས། །ཞི་དང་ཁྲོ་དང་མ་མོས་ཉམས། །ཞི་ཕྱིར་རྣམ་བཞི་རོལ་པ་རྣམས། །གང་ལ་འཚམ་པར་འདུལ་བར་མཛད། །དེ་ཉིད་རིགས་བཞིའི་ཆ་འཛིན་པ། །ལས་ཀྱི་རིགས་ལ་ལྷུན་གྱིས་གྲུབ། །ཅེས་སོ། །ཚུལ་འདི་ནི་རྒྱུད་འདི་ཡི་ཤིན་ཏུ་གསང་བ་གབ་ཅིང་སྦས་པའི་བརྗོད་བྱ་སྟེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་འོད་གསལ་རིན་པོ་ཆེའི་སྒྲོན་མ་ལས་འབྱུང་བ་ལྟར་བཀོད་པ་ཡིན་ནོ། །ཞེས་དང་། ཡིད་ཀྱི་མུན་སེལ་ལས། ཕྲིན་ལས་ལྔ་ནི། མཛད་པ་སྟེ། གདུལ་བྱའི་ཉོན་མོངས་པ་དང་གནོད་འཚེ་ལ་སོགས་པ་སེལ་བས་ཞི་བ་དང་། བསོད་ནམས་དང་ཚེ་ལ་སོགས་པ་འཕེལ་བར་མཛད་པས་རྒྱས་པ་དང་། བསྡུ་བ་བཞིས་འཁོར་དུ་སྡུད་པས་དབང་དང་། བདུད་དང་གཤིན་རྗེ་ལ་སོགས་པ་ཚར་བཅད་པས་རྗེས་སུ་འཛིན་པ་དྲག་པོ་དང་། གདུལ་བྱ་དང་འཚམས་པར་གང་ལ་གང་འདུལ་གྱི་མཛད་པ་རྩོལ་བ་མེད་པར་དེ་དང་དེར་འབྱུང་བས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཏེ། ལམ་རིམ་ལས། གདུལ་བྱའི་བྱ་བ་ཐ་དད་པས། །ཞི་དབང་དྲག་རྒྱས་ལྷུན་གྱིས་གྲུབ། །གང་ལ་འཚམས་པར་འདུལ་མཛད་དེ། །ཞེས་སོ། །ཞེས་གསུངས།
Domain ཆོས་ལུགས།