39425

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་ཤིང་བྱ་ཕྱི་ལོ ༡༧༦༥ ལོར་མདོ་སྨད་བསང་ཆུའི་ལྷོ་བྱང་དུ་ཡབ་མགོན་པོ་བཀྲ་ཤིས་དང་། ཡུམ་ཀླུ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ལྷ་བརྟན་རབ་འབྱམས་པ་ངག་དབང་སྙན་གྲགས་ལས་རབ་ཏུ་བྱུང་། བོར་ཆུང་དུ་ཕེབས། ཁུ་བོ་བརྩོན་འགྲུས་ལས་ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་རྣམས་ལ་སྦྱངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། མཛོད་དགེ་དགེ་འདུན་དཔལ་བཟང་དང་། ཁྲི་ཆེན་བསོད་ནམས་གྲགས་པ་བཅས་ལས་བསྡུས་གཞུང་དང་། ཕར་ཕྱིན་སོགས་ལ་སྦྱོང་པར་མཛད། ཉི་ཤུ་པར་ཀུན་མཁྱེན་འཇིགས་མེད་དབང་པོ་ལས་བསྙེན་པར་རྫོགས། མཚན་ལ་དཀོན་མཆོག་དཔལ་འཛིན་ཞེས་གསོལ། གཞན་ཡང་གུང་ཐང་འཇམ་པའི་དབྱངས་དང་། རྗེ་འཇིགས་མེད་རིགས་པའི་སེང་གེ ཟམ་ཚ་གསེར་ཁྲི་རིན་པོ་ཆེ། དགེ་བཤེས་དཀོན་མཆོག་དབང་ཕྱུག ཡབ་རྗེ་དྷྭ་ཛ་བཅས་ལས་བཀའ་ཆོས་ཅི་རིགས་གསན། སྨོན་ལམ་རབ་འབྱམས་པའི་གྲྭ་སྐོར་མཛད། ཉེར་བདུན་པ་ནས་བཟུང་ཁ་གྱའི་དགོན་སོགས་ཀྱི་ཁྲིར་བཞུགས། ང་དྲུག་པ་ནས་བཟུང་ཨ་མཆོག་དགོན་སོགས་སུ་བཀའ་འགྱུར་གྱི་ལུང་ཚར་བཅུ་བདུན་ཙམ་གནང་། བདེ་མོ་ཐང་གི་དྲི་གཙང་ཁང་སྟེང་ཤོད་དུ་འཁྲི་ཤིང་གི་རྒྱན་ཐང་བཞེངས། རེ་བརྒྱད་པར་སྔོན་པོ་ཐང་གི་ཁྲིར་བཞུགས། འཆད་ཉན་དང། གཏོང་སྒོ་བཅས་ཡར་ལྡན་དུ་མཛད། གདན་ས་བོར་ཆུང་རི་ཁྲོད་དུ་སྒྲུབ་པ་ཉམས་ལེན་མཛད། བརྒྱད་ཅུ་པ་རབ་བྱུང་བཅུ་བཞི་པའི་ཤིང་འབྲུག་ཕྱི་ལོ ༡༨༤༤ ལོར་སྐུ་གཤེགས། མང་ཐོས་ལུང་གི་དབང་ཕྱུག་པ་ཆེན་པོ་ཡིན།