39529
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དང་པོ། བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་གཞན་པའི་སྡེ་པ་འཛུགས་མི་ཆོག་པ་དེ་ཡིན། དེའི་རྒྱུ་མཚན་ནི་བོད་ལ་རབ་བྱུང་གི་སྡེ་ཐོག་མར་འཛུགས་སྐབས་མཁན་པོ་ནི་བོ་དྷི་ས་ཏྭ་ཡིན་ཞིང༌། ཁོང་ཉིད་ཀྱང་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་ཡིན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་གཞན་སྡེ་པ་གསུམ་བར་འདུལ་བའི་བཅས་མཚམས་དང་ལག་ལེན་གྱི་ཐོག་བཞེད་པ་མི་འདྲ་བ་ཡོད་པས་བོད་ལ་འདུལ་བའི་ཕྱག་བཞེས་གཅིག་གྱུར་དུ་གནས་པའི་ཆེད་ཡིན། གཉིས་པ། གསང་སྔགས་མ་རྒྱུད་ཀྱི་སྐོར་རྣམས་བོད་སྐད་དུ་བསྒྱུར་མི་ཆོག་པ་དེ་ཡིན། དེའི་དགོས་པ་ནི་སྐབས་དེར་བོད་ལ་རབ་བྱུང་གི་སྡེ་བཙུགས་ནས་ཡུན་རིང་མ་སོང་བའི་དབང་གིས་རང་ཉིད་ལ་ཆོས་ཀྱི་གོ་རྟོགས་གང་ཡང་མེད་བཞིན་དུ་གསང་སྔགས་སྒྲ་ཇི་བཞིན་དུ་སྤྱད་ནས་འདུལ་ཁྲིམས་འཆལ་སྐྱོན་ཡོང་བ་སྔོན་འགོག་མཛད་པའི་ཆེད་དུ་ཡིན། གསུམ་པ། བྲེ་སྲང་སོགས་ཀྱི་འཇལ་ཚད་རྒྱ་གར་མ་གྷ་དྷའི་ཚད་གཞི་དང་མཐུན་པར་གཅིག་གྱུར་བྱེད་དགོས་པ་དེ་ཡིན། དེའི་དགོས་པ་ནི། སྐབས་དེར་བོད་དུ་ཕུལ་དྲུག་ལ་བྲེ་གང་དུ་རྩིས་པའི་དྲུག་ཕུལ་མ་དང་ཕུལ་བདུན་ལ་བྲེ་གང་དུ་རྩིས་པའི་བདུན་ཕུལ་མ་ཞེས་མི་འདྲ་བ་གཉིས་ཡོད་པའི་ཐོག བོད་བྲེ་གང་ལ་དྲུག་ཕུལ་རྩིས་ན་མ་གྷ་དྷའི་བྲེ་ཕྱེད་ལས་མེད་ཅིང༌། བདུན་ཕུལ་ཡིན་ན་མ་གྷ་དྷའི་བྲེ་གང་ལ་བོད་བྲེ་དོ་དང་ཁྱོར་བ་གང་ཡོད་པ་བཅས་ཁྱད་པར་ཆེན་པོ་ཡོད་པ་དང༌། དེ་བཞིན་མ་གྷ་དྷའི་གསེར་ཞོ་བརྒྱད་ལ་གསེར་སྲང་གང༌། གསེར་སྲང་བཅུ་དྲུག་ལ་གསེར་བྲེ་གང་དུ་རྩིས་ཀྱི་ཡོད་པས། མ་གྷ་དྷའི་གསེར་སྲང་གང་ལ་བོད་ཀྱི་གསེར་སྲང་དོ་ཡོད་པ་བཅས་ཀྱི་ཧེ་བག་ཆེན་པོ་དེས་བོད་དང་རྒྱ་གར་བར་ཚོང་འབྲེལ་བྱེད་སྐབས་སྟབས་བདེ་ཡོང་ཆེད། འཇལ་གཤོར་འདེགས་གསུམ་གྱི་ཚད་གཅིག་གྱུར་གྱི་གཏན་འབེབས་མཛད་པ་ཡིན། |