39643

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བཀྲ་ཤིས་དགེ་ལེགས་བཟང་པོ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་ཉེར་བདུན་པ། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་སྤྲེལ་ཕྱི་ལོ་ ༡༧༦༤ ལོར་བྱང་ན་མར་དུ་ཡབ་འཕན་རྒྱས་ཡོན་བདག་ཨ་ནུ་རྩོད་རིལ་དང་ཡུམ་གཡང་མཚོ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྔོན་གནས་རྗེས་དྲན་གྱི་ངོ་མཚར་དུ་མ་ལ་བརྟེན་རྩེ་སྤྲུལ་དགེ་བའི་དབང་པོའི་སྤྲུལ་སྐུ་ངོ་འཛིན་གྱིས་སྟག་ལུང་དུ་གདན་དྲངས་ཏེ། རྗེ་བཀྲ་ཤིས་གྲགས་པའི་དྲུང་དུ་རབ་བསྙེན་བསྒྲུབས་པའི་མཚན་ལ་ངག་དབང་འཇིགས་མེད་གོ་ཆ་བཀྲ་ཤིས་དགེ་ལེགས་བཟང་པོ་ཞེས་སྩལ། རྗེ་གྲགས་པ་ཡེ་ཤེས་དང་རི་ཆེ་རི་ཆེ་རྩེ་ཞབས་ཆོས་ཀྱི་གྲགས་པ་གཉིས་ལས་རང་ལུགས་ཀྱི་ཟབ་ཆོས་མཐའ་དག་གསན་པར་མཛད། ས་སྤྲེལ་ཕྱི་ལོ་༡༧༨༨ ལོར་སྟག་ལུང་པའི་ཆོས་ཀྱི་ཁྲི་ལ་བཞུགས་ཤིང་ཚོགས་པ་བསྐྱངས། གཙུག་ལག་ཁང་ཉམས་གསོ་དང་མཆོད་རྫས་གསར་པ་མཐའ་ཡས་བསྐྲུན། གཞུང་ས་ནས་ཀྱང་ཧོ་ཐོག་ཐུའི་གོ་གནས་བསྩལ་བ་སོགས་བྱུང་། དོན་དམ་རྡོ་རྗེའི་མགུར་གླུ་སོགས་གསུང་རྩོམ་ཐོར་བུ་པོད་ཆུང་མངའ་ཞིང་སྐལ་ལྡན་མང་པོར་གདམས་སྨིན་པར་མཛད། མཐར་དགུང་གྲངས་ཞེ་གཅིག་པ་ཤིང་བྱི་ཕྱི་ལོ་ ༡༨༠༤ ལོར་སྐུ་གཤེགས།