39666
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅོ་ལྔ་པའི་ཤིང་ཁྱི་ཕྱི་ལོ ༡༨༧༤ ལོར་སྐུ་འབུམ་མཆོད་གཞིས་ཟི་ནའི་ནང་ཚན་ཧོར་ཚང་རྒྱུད་དུ་ཡབ་བློན་པོ་སྐྱབས་དང་། ཡུམ་ལྷ་མོ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་གསུམ་པར་ཤིང་བཟའ་རྡོ་རྗེ་འཆང་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། སྐུ་འབུམ་རང་སྒར་དུ་གདན་སར་བཀོད། བདུན་པར་དྲེད་ཁོག་དགེ་བཤེས་བློ་བཟང་སྦྱིན་པ་ལས་དགེ་བསྙེན་དང་། རབ་བྱུང་བསྒྲུབས། སྨོན་ལམ་རབ་འབྱམས་པ་འཇམ་དབྱངས་གྲགས་པ་ཀློག་གི་སློབ་དཔོན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་བཅས་སྦྱངས། བཅུ་གསུམ་པར་དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། བཀའ་པོད་ལྔར་སློབ་གཉེར་ནན་ཏན་མཛད། བཅུ་བཞི་པར་མཚན་སྒྲོག་དགེ་འདུན་བསྟན་པའི་ཉི་མ་ལས་དགེ་ཚུལ་སློང་གི་སྡོམ་བཞེས། རྒྱུད་པ་གྲྭ་ཚང་གི་ཆོས་སྒོར་ཞུགས། གསང་ཆེན་ལམ་རིམ་ལ་གསན་སྦྱོང་མཛད། ཉི་ཤུ་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་ཕྱི་ལོ ༡༨༩༣ ལོར་སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། ཉེར་ལྔ་པར་བྱང་ཕྱོགས་ཏ་རི་གང་གའི་ཕྱོགས་སུ་ཕེབས། ཆོས་འཁོར་རྒྱ་ཆེར་བསྐོར། རི་བོ་རྩེ་ལྔ་ལ་བྱོན། དགེ་ཚོགས་རླབས་ཆེན་བསྒྲུབས། ཉེར་བརྒྱད་པ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ ༡༩༠༡ ལོར་སྐུ་འབུམ་དགོན་པའི་ཁྲིར་བཞུགས། དོ་དམ་འཛིན་སྐྱོང་གང་ལེགས་མཛད། ལོ་དེར་ཇོ་ཁང་དང་དགོན་ཁང་གསར་གསོས་གནང་། ཕྱི་ལོ ༡༩༠༢ ལ་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་ཞིག་གསོས་མཛད། འདས་ལོ་མི་གསལ། སྐུ་འབུམ་རྒྱུད་པ་གྲྭ་ཚང་གི་ཁྲི་རབས་བདུན་ཅུ་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་བདུན་པ་ཡིན། |