398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་ (1)
Part of speech མིང་ཚིག
Definition ཁོང་ནི་གཏེར་ཁ་གསར་རྙིང་དུ་མ་ནས་ལུང་གིས་ཟིན་པ་བཞིན། མདོ་སྨད་འབྲི་རྒྱུད་རེ་ཁེའི་ལྗོངས། ས་ངན་བསོ་བ་ཞེས་པའི་གྲོང་དུ། ཡབ་རྔུ་བ་ཨ་ཏི་མགོན་པོ་དང༌། ཡུལ་སྒོ་བཟའ་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་སྟག་ ༡༦༩༨ ལོར་འཁྲུངས། སྐུའི་ཞང་པོ་པདྨ་བདེ་ཆེན་གླིང་པས། སྟག་བླ་པདྨ་ནོར་བུའི་ཡང་སྲིད་དུ་ངོས་བཟུང་ནས་གནས་ནང་གི་གདན་སར་སྤྱན་དྲངས། གཏེར་སྟོན་པདྨ་བདེ་ཆེན་གླིང་པས་རྗེས་སུ་བཟུང༌། མཚན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་དུ་གསོལ། ཕྱག་རྫོགས་ཀྱི་གདམས་པ་གསན་པས། དགུང་ལོ་བཅུ་གསུམ་པར་གནས་ལུགས་ཀྱི་རང་ཞལ་གཟིགས། ཀཿཐོག་ཏུ་རྒྱལ་སྲས་བསོད་ནམས་ལྡེའུ་བཙན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། ཀཿཐོག་གདན་སར་གཏན་དུ་བཞུགས་པར་ཞུས་འདུག་ཀྱང་ཞལ་བཞེས་མ་གནང་། དེ་ནས་ཟུར་མང་ཆེ་ཚང་གསུང་རབ་རྒྱ་མཚོ་ལས་བཀའ་ཆོས་མང་དུ་གསན། དེ་ནས་རིམ་གྱིས་སྤུ་ཀོང་བརྒྱུད་དབུས་གཙང་རྣམས་སུ་བྱོན་ནས་རིས་མེད་ཀྱི་བླ་མ་མང་དུ་བསྟེན་ནས་གསང་སྔགས་གསར་རྙིང་གི་དབང་ལུང་ཁྲིད་སྲོལ་མཐའ་ཡས་པ་དང༌། ཆེ་ཚང་པ་ཀརྨ་གསུང་རབ་རྒྱ་མཚོར་ཀར་ལུགས་ཕྱག་ཆེན་གྱི་ཉམས་ཁྲིད་གསན་ཅིང་རྟོགས་གྲོལ་དུ་གྱུར་རྩ་བའི་བླ་མར་འཛིན། རྗེ་ཁམས་སྤྲུལ་གསུམ་པ་ལས་དབང་ལུང་གདམས་པ་ཅི་རིག་གསན། རང་རིག་པ་དང༌། རྫོང་ཕུག་པ་འཇམ་དབྱངས་འཕྲིན་ལས་རབ་བརྟན་ལས་ཀྱང་འབྲུག་ལུགས་གདན་ས་བརྒྱུད་པའི་དབང་ལུང་ཡོངས་རྫོགས་གསན་བཞེས་གནང་བས་དེའི་སློབ་མར་གྱུར་ཏེ། འབྲུག་པའི་བརྒྱུད་འཛིན་མཆོག་ཏུ་གྱུར་པ་ཞིག་ཏུ་གྱུར། ཞབས་དྲུང་ཏྲེ་ཧོས་ལུང་བསྟན་པ་ལྟར་རྗེ་ཀུན་བཟང་དབང་པོ་ལས་ཇོ་ནང་ལུགས་ཀྱི་སྦྱོར་དྲུག་སོགས་བཀའ་ཆོས་རྫོགས་པར་གསན་ནས། སོ་སོའི་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་མཁས་གྲུབ་མང་པོ་ལ་རྒྱུན་སྤེལ་བས་བསྟན་པའི་རྒྱུན་ལ་རྗེ་འདི་ཁོ་ན་བཀའ་དྲིན་མཆོག་ཏུ་ཆེ། གཞན་ཡང་བླ་མ་མང་པོ་ལས་གསར་རྙིང་གི་དབང་ལུང་ཁྲིད་མཐའ་ཡས་པ་གསན་པར་མཛད་པས་མདོ་སྔགས་རིག་གནས་བཅས་ལ་མཁས་པའི་གོ་འཕང་མཐོན་པོར་ཕེབས། མདོ་དབུས་ཁམས་དང་བལ་ཡུལ་སོགས་སུ་གནས་མཇལ་དང༌། སྦས་ཡུལ་གནས་ཆེན་དུ་དུར་ཁྲོད་རྣམས་སུ་རྩ་གསུམ་གྱི་བསྙེན་སྒྲུབ་དང༌། རྫོགས་སྨིན་སྦྱངས་གསུམ་གྱི་ཡོན་ཏན་མཐར་ཕྱིན། སློབ་དཔོན་ཆེན་པོ་པདྨཱ་ཀ་ར་སོགས་ཀྱིས་ཞལ་གཟིགས། ལྷ་སྲིན་སྡེ་བརྒྱད་དབང་དུ་བསྡུས་ཤིང་འགའ་ཞིག་གིས་སྲོག་སྙིང་ཕུལ། མངོན་ཤེས་དང་རྡོ་བྲག་ལ་ཕྱག་ཞབས་ཀྱི་རྗེས་སོགས་རྫུ་འཕྲུལ་དུ་མ་བསྟན། བལ་ཡུལ་དུ་ལན་གསུམ་ཕེབས་ནས་མཆོད་རྟེན་རྣམ་གཉིས་ཀྱི་ཉམས་གསོ་མཛད། ཀརྨ་པ་བདུད་འདུལ་རྡོ་རྗེ། དཀར་བརྒྱུད་འཕྲིན་ལས་ཤིང་རྟ། ཞྭ་དམར་བཅུ་པ། སི་ཏུ་བསྟན་པའི་ཉིན་བྱེད། དཔའ་བོ་གཙུག་ལག་དགའ་བ་དང་བཅས་ཏེ། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་ལྔ་གཙོ་བོར་གྱུར་པའི་ཞལ་སློབ་བགྲང་ལས་འདས་པ་ལ། མདོ་སྔགས་གསར་རྙིང་གི་ཆོས་ཚུལ་མང་དུ་སྤེལ་བས། སྤྱི་བྱེའི་བསྟན་པར་སྲོག་མཐུད་པའི་བཀའ་དྲིན་བསྩལ། ལ་དྭགས་རྒྱལ་པོ་ཁུ་དབོན་འཁྲུགས་ཏེ། སྟོད་ཧོར་དམག་དཔུང་བོད་དུ་འབྱོར་བར་ཉེ་བའི་ཚེ། ཆིངས་སྒྲིག་མཛད་ཅིང༌། མཐའ་དམག་ཕྱིར་བཟློགས་ཏེ་བོད་འབངས་བདེ་ལ་བཀོད། ལ་དྭགས་རྒྱལ་སྲས་དང་ཕྱག་མཛོད་བཀྲ་ཤིས་གཉིས་བསྙེན་རྫོགས་བསྒྲུབས་ཏེ། མཚན་རིམ་བཞིན། རྒྱལ་སྲས་མི་ཕམ་ཚེ་དབང་མཐུ་སྟོབས་རྡོ་རྗེ་དང་མི་ཕམ་ཚེ་དབང་འཕྲིན་ལས་ཞེས་གསོལ། འཛམ་གླིང་ས་སྐྱོང་རྒྱལ་ཁག་བཅུ་གསུམ་ཙམ་གྱིས་གུས་པས་ཞབས་ལ་བཏུད་པར་གྲགས། བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་དང༌། གུང་ཐང་རྒྱལ་རབས་སོགས། གསུང་རྩོམ་རིན་ཐང་དང་བྲལ་བ་པོད་ཆེན་བཞི་ཙམ་བཞུགས། མཐར་དགུང་ལོ་ང་བརྒྱད་པ་ཤིང་ཕག་ ༡༧༥༥ ལོར་མང་ཡུལ་སྐྱིད་གྲོང་དངོས་གྲུབ་ཕུག་ཏུ་དག་ཞིང་དུ་གཤེགས་སོ། །

{{#arraymap:ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་

|; |@@@ | | }}