39832

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བག་མེད་པ་ལ་ཞུགས་པ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པ་ལས་བྱུང་བ་སྟེ། ༡ གཟུགས་མཐོང་ནས་བག་མེད་པས་འཕྲོགས་པའི་སེམས་ཀྱིས་གཟུགས་བཟང་པོའམ། གཟུགས་ངན་པའམ། ནག་པོའམ། དཀར་པོའམ། དམར་པོའམ། རིང་པོའམ། ཐུང་དུའམ། གྲུ་བཞིའམ། ཟླུམ་པོ་དག་གི་དེ་ཁོ་ན་ཉིད་ཁོང་དུ་མི་ཆུད་དོ། །དེ་བཞིན་དུ་བག་མེད་པས་ཕྲོགས་པའི་བློས། འཇིག་རྟེན་པའི་དེ་ཁོ་ན་ཉིད་ཀྱང་ཁོང་དུ་མི་ཆུད་ལ། བག་མེད་པས་ཕྲོགས་པའི་བློས་འཇིག་རྟེན་ལས་འདས་པའི་ཡང་ཁོང་དུ་མི་ཆུད་དོ། །དེ་བཞིན་དུ་བག་མེད་པས་ཕྲོགས་པའི་བློས་གཟུགས་དེ་ཉིད་མཐོང་ནས་ཇི་ལྟ་བ་བཞིན་ཁོང་དུ་མི་ཆུད་ལ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བུར་ཡང་མི་འགྱུར་རོ། །འཕགས་པའི་བདེན་པ་བཞི་ལ་མངོན་པར་ཞུགས་པའི་ཡིད་ཀྱི་གཟུགས་དེ་ལ་དཔྱོད་པར་མི་བྱེད། དེ་ཁོ་ན་ཚོལ་བར་མི་བྱེད་དོ། །དེ་བཞིན་དུ་བག་མེད་པས་འཇིག་རྟེན་པའི་དོན་ཡང་མི་མཐོང་ལ། འཇིག་རྟེན་ལས་འདས་པ་ཡང་མི་མཐོང་ངོ༌། ། ༢ དེ་བཞིན་དུ་དེ་བག་མེད་པས་ཕྲོགས་པའི་བློས་རྣ་བས་སྒྲ་ཐོས་ཀྱང༌། གླུ་བླངས་པའམ། སྨྲས་པ་འདིའི་དོན་གང་ཡིན་པའམ། རང་གི་དོན་ནམ། དོན་མེད་པ་མི་ཤེས་ཏེ། དེ་ལྟར་འཇིག་རྟེན་པའི་དོན་མི་ཤེས་སོ། །ཆོས་མདོའི་སྡེ་དང༌། ཚིགས་སུ་བཅད་པའི་སྡེ་དང༌། དབྱངས་ཀྱིས་བསྙད་པའི་སྡེ་དང༌། ལུང་དུ་བསྟན་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང༌། གླེང་གཞིའི་སྡེ་དང༌། རྟོགས་པ་བརྗོད་པའི་སྡེ་དང༌། དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང༌། ཤིན་ཏུ་རྒྱས་པའི་སྡེ་དང༌། རྨད་དུ་བྱུང་བའི་སྡེ་དང༌། རྣམ་པར་གཏན་ལ་དབབ་པ་བསྟན་པའི་སྡེ་འཆད་པ་འདི་ནི་མི་ཤེས་ལ། དེས་བཤད་པ་དེའི་དོན་ཡང་ཤེས་པར་མི་འགྱུར་རོ། །བག་མེད་པས་ཕྲོགས་པ་དེ་འཆི་བའི་དུས་ན་གཤིན་རྗེའི་མིའི་དབང་དུ་འགྱུར་རོ། ། ༣ བག་མེད་པས་ཕྲོགས་པའི་སེམས་ཀྱི་སྣས་དྲི་སྣོམ་པ་ན་དྲི་ཞིམ་པའམ། དྲི་ང་བའམ། མེ་ཏོག་གི་དྲི་མི་ཤེས་སོ། །དེ་བཞིན་དུ་འཇིག་རྟེན་པའི་དྲིའང་མི་ཤེས་ལ། འཇིག་རྟེན་ལས་འདས་པའི་ཡང་མི་ཤེས་སོ། །བདུག་སྤོས་ཀྱི་དྲིའང་མི་ཤེས་ལ། དེའི་ཚེ་བག་མེད་པ་དེས་དཀོན་མཆོག་གསུམ་ལ་རེས་འགའ་ཡང་བདུག་སྤོས་དབུལ་བ་མ་ཕུལ་ཏེ། དེ་ལྟར་བག་མེད་པ་དག་དྲི་མི་ཤེས་སོ། ། ༤ བག་མེད་པས་ཕྲོགས་པ་དག་རོ་ཤེས་པར་མི་འགྱུར་ཏེ། རོ་མྱོང་བར་བྱེད་པ་ནའང་བློ་གཞན་དུ་ཞུགས་པས་རོ་འདི་མངར་བའམ། སྐྱུར་བའམ། ལན་ཚྭའམ། ཚ་བའམ། ཁ་བའམ། བསྐ་བའམ། བ་ཚྭ་གང་ཡིན་པ་མི་ཤེས་པ་ནི་དེ་ལྟར་གཞན་དུ་ཕྲོགས་པའི་བློས་མི་ཤེས་སོ། །བག་མེད་པས་ཕྲོགས་པའི་བློས་འཇིག་རྟེན་ལས་འདས་པའི་རོའང་མི་ཤེས་ལ་ཆོས་ཀྱི་རོའང་མི་ཤེས་སོ། ། ༥ བག་མེད་པས་ཕྲོགས་པའི་བློས་ལུས་ཀྱིས་རེག་པའང་མི་ཤེས་ལ། ལུས་ལ་རྟེན་པའི་ལས་ཀྱང་མི་བྱེད། ཁྱིམ་གྱི་ལས་ཀྱང་མི་ཤེས། ལས་ཀྱི་མཐའ་ལ་ཡང་མི་རྟེན། ལེགས་པར་བྱ་བའང་མ་བྱས། དེའི་ཁྱིམ་གྱི་ཡོ་བྱད་ཀྱང་མི་གསོག་པས་དེའི་ཁྱིམ་དབུལ་བར་འགྱུར་རོ། །འཇིག་རྟེན་ལས་འདས་པའི་ལས་ཀྱང་མི་བྱེད། བླ་མ་རྣམས་ཡང་མི་སྟེན་ཅིང༌། གསོང་པོར་སྨྲ་བ་དང༌། ཕྱག་འཚལ་བའི་ངོ་བོ་ཉིད་མ་ཡིན་ཏེ། བག་མེད་པས་ཕྲོགས་པའི་བློས་ནི་རེག་པའང་མི་ཤེས་སོ། ། ༦ དེ་བཞིན་དུ་ཡིད་ཀྱིས་ཀྱང་གཙང་བ་དང༌། མི་གཙང་བ་དང༌། དགེ་བ་དང༌། མི་དགེ་བ་དང༌། ལུང་དུ་བསྟན་པ་དང༌། ལུང་དུ་མ་བསྟན་པའི་ཆོས་རྣམས་མི་ཤེས་ལ། དེ་ཤི་བའི་ཚེ་འཆི་བའི་ཆད་པས་ཉེན་ནས་ཤིན་ཏུ་སྡུག་བསྔལ་ཏེ། གཤིན་རྗེའི་མིའི་དབང་དུ་འགྱུར་རོ། །དེ་ལྟ་བས་ན་ཆོས་གཅིག་ཅིག་སྤང་བར་བྱ་བ་ནི། བག་མེད་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བག་མེད་པ་ལ་ཞུགས་པ་རྣམ་པ་དྲུག་

|; |@@@ | | }}